བཟོད་སྒོམ་ནི་བདེ་སྐྱིད་ཡིན།
རྩེ་སྲས་ཟླ་འོད།
འཇིག་རྟེན་འདིར་ཆེས་ཡིད་དུ་འོང་བ་ནི་བཟོད་སྒོམ་ཞེས་པའི་ཡིག་འབྲུ་འདི་གཉིས་ནམ་ཞར་སེམས་སུ་ཉར་ཏེ་བཟོད་བསྲན་བགྱིད་ཐུབ་མཁན་དེའི་རིགས་ཡིན་ཞིང་། ཁོང་ཚོར་རྟག་ཏུ་ང་རྒྱལ་དང་ཁོང་ཁྲོའི་དུག་མདའ་འགོག་པའི་གཉེན་པོ་དང་ཕ་རོལ་གྱི་ཡིད་དབང་འགུག་པའི་ནུས་པ་ཁྱད་པར་བ་ཞིག་ཡོད་སྲིད། དེ་ནི་དཀྱེལ་ཡངས་དང་བཟོད་སྒོམ་གྱི་བློ་མིག་མཁའ་ལྟར་ཡངས་པའི་སྟབས་ཀྱིས་རང་གཞན་གཉིས་ཀ་ཞི་བདེ་དང་སྤྲོ་སྣང་གིས་འཚོ་ཐུབ་པ་ཞིག་རེད།
དོན་དམ་དུ། བཟོད་སྒོམ་ནི་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་རྨེག་མེད་དུ་གཏོང་བའི་སྲུང་འཁོར་ལྟ་བུ་ཞིག་ཡིན་ཏེ། ཨ་ཕྱི་འཚོ་བཞུགས་གནང་བའི་སྐབས་སུ་རྣམ་ཀུན་ང་ལ། “མ་བུ་མོའི་ཁོག་ལ་བུ་ཆུད་ན། །སྟག་ཤ་རའི་ཁོག་ལ་ཚིག་ཆུད་དགོས། །”ཞེས་པའི་གཏམ་དཔེ་འདི་ངག་ལ་སྐྱོར་བཞིན། ནང་བཟའ་ཚང་དང་ཕྱི་རི་སྡེའི་མི་གང་དང་འགྲོགས་ནའང་། ཁོང་ཁྲོ་ལངས་སྐྱེན་པོ་ཞིག་མི་བྱེད་པར་བཟོད་བསྲན་ཡོད་པའི་མི་ཀུན་དང་མཐུན་པ་ཞིག་བྱོས་ཞེས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་ནས་བསྐྱར་དུ་ང་ལ་བརྗོད་མྱོང་། དེ་དུས་བསམ་མ་ཤེས་པ་ཡིན་ནམ་ཨ་ཕྱིའི་སྐད་ཆ་དེར་ཁྱོན་ནས་རྣ་བ་མ་གཡར་ལ་བསམ་བློའང་གཏོང་མྱོང་མེད་པ་འདྲ། དུས་ཚོད་ནི་གཞུ་ལས་ཤོར་བའི་མདའ་མོ་བཞིན་ལོ་ངོ་བརྒྱད་དགུ་ཞིག་སྐད་ཅིག་མར་འདས་རྗེས། ང་རང་ཡང་སློབ་ལོ་ལོན་པའི་བྱིས་པ་ཞིག་ཏུ་གྱུར་ཏེ། ཕ་མའི་རེ་བ་དང་རང་གི་ཕུཊ་བསམ་གྱི་སླད་དུ་སློབ་གྲྭར་ཞུགས། སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་། སློབ་ཆེན་སོགས་རིམ་པར་བརྒྱུད་དེ་མི་མང་པོ་དང་འགྲོགས་འདྲིས་བྱས་པའི་ཉམས་མྱོང་གི་ཁྲོད། ད་གཟོད་ངས་ཀྱང་མི་ཞིག་ལ་མཚོན་ན་ཆེས་རིན་ཐང་ཆེ་ཞིང་ཆེས་མེད་དུ་མི་རུང་བ་ནི་ལས་སྐལ་གྱིས་འཕྲད་པའི་མི་ལ་བཟོད་བསྲན་དང་གཅེས་སྤྲས་བྱེད་རྒྱུ་དེ་ཡིན་པ་སྟེ། དེ་ནི་ཆེས་མཛེས་ཤིང་སྡུག་པའི་བདེ་སྐྱིད་རྨད་བྱུང་ཞིག་ཡིན་པ་རྟོཊ་བྱུང་། བཟོད་སྒོམ་གྱིས་སེམས་ཅན་བརྩེ་བས་བསུ་ཐུབ་ལ་དགྲ་གཉེན་ཚང་མ་མ་ལྟར་བརྩེ་ཞིང་བདེ་སྐྱིད་ལྡན་པའི་མི་ཞིག་ཏུ་འགྱུར་ཙ་ན། མི་དེའི་རིགས་ལ་རྒྱུ་འབྱོར་གྱིས་དབུལ་ནའང་བཟོད་བསྲན་གྱི་འཇོན་ཐང་ལྡན་པས་འཇིག་རྟེན་འདིའི་བདེ་སྐྱིད་ཀྱིས་ཀུན་ནས་ཕྱུག་པའི་མི་ཞིག་རེད་སྙམ།
གལ་ཏེ། བཟོད་སྒོམ་ནི་ཉི་འོད་ཅིག་ཡིན་ན། ཉི་འོད་དེ་ཕྱོགས་བཅུར་འཕྲོས་པའི་ཚེ་ན། སྐྱེ་དགུར་བདེ་སྐྱིད་ཀྱི་དཔལ་སྟེར་ཞིང་བཟོད་སྒོམ་གྱི་གཤོག་ཟུང་མཁའ་རུ་བརྐྱངས་པའི་ཚེ་ཞི་བདེ་ཡི་མཛའ་མཐུན་ངང་གིས་བསུ་ནུས་པས། རང་བྱུང་ཁམས་ཆེན་མོའི་དུས་གསུམ་གྱི་མཚར་སྡུག་ཐམས་ཅད་མིག་གིས་མཐོང་ཐུབ་ལ་སེམས་ཀྱིས་མྱོང་ཐུབ། དེ་ལྟར་ན། འགལ་རྐྱེན་ཏོག་ཙམ་ཞིག་ལ་འཕྲད་ནའང་བཟོད་བསྲན་བགྱིད་མ་ཐུབ་ཚེ་དོན་ཆུང་ཞིག་གིས་ཁྱེད་ལ་དོན་ཆེན་ཞིག་གི་སྡུག་བསྔལ་སྟེར་སྲིད་ལ། སྡུག་བསྔལ་དེས་ཁྱེད་ཉིད་མི་འདོད་སྡུག་གི་རྒྱ་མཚོར་ལྷུངས་འགྲོ་བས་བཟོད་བསྲན་བསྟེན་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་མ་རེད་དམ། གུ་ཡངས་ནི་རང་ཉིད་རྣམ་པར་རྒྱལ་བའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། བཟོད་སྒོམ་ཐུབ་པའི་མི་ཞིག་བྱེད་ཐུབ་པ་དེ་ནི་དོན་གྱིས་རང་ཉིད་འཕེལ་རྒྱས་ཀྱི་ལམ་ཁར་ཕྱོགས་ཤིང་བྱ་གཞག་ཡོད་དོ་ཅོག་བདེ་བླག་ཏུ་འགྲུབ་པའི་མཐུན་རྐྱེན་ལེགས་ཤོས་ཤིག་ཀྱང་ཅི་ལ་མིན།
སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་བཟོད་སྒོམ་ནི་བསོད་ནམས་ཤིག་ཡིན་པར་གསུངས་ལ། བཟོད་སྒོམ་ཇི་ལྟར་བསྐྱེད་ཐུབ་ན་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དེ་ལྟར་འཕེལ་ཡོང་སྟེ། སྐྱིད་ཀྱི་རྒྱ་མཚོ་འཁྱིལ་ཞིང་བསོད་ནམས་ཀྱི་ཉི་མ་ཅིས་ཀྱང་འཆར་ཐུབ་པ་ཞིག་འབྱུང་ངེས།
ཡང་ན། བཟོད་སེམས་ཅན་གྱིས་ཅི་ཡང་འགྲུབ་ཅེས་པ་ལྟར། རྟག་ཏུ་བཟོད་སྒོམ་གྱི་གདམས་ངག་དེ་ཉམས་སུ་བླངས་ཏེ་འཚོ་བར་དཔུང་འཇུག་བྱ་རྒྱུ་ནི་རང་ཉིད་ཕུལ་དུ་བྱུང་བའི་མི་ཞིག་ཏུ་འགྱུར་བའི་མ་མཐའི་ཆ་རྐྱེན་དང་རྨད་བྱུང་གི་ཐབས་མཆོག་ཅིག་ཀྱང་ཡིན་ལ། སུ་ཞིག་གིས་བཟོད་སྒོམ་བསྟེན་ཐུབ་ན་དེ་ལ་བདེ་སྐྱིད་ཀྱི་ཉི་ཟླ་ཚེས་ཤིང་སྐྱོ་སྡུག་གི་དབུགས་དབྱུང་གསོ་ཐུབ་པས་ན། བཟོད་སྒོམ་ནི་མ་གཞི་ནས་བདེ་སྐྱིད་ཅིག་ཅི་ལ་མིན་ཨང་།
འབྲེལ་ཡོད་གསར་འགྱུར།