དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • རང་བྱུང་ཚོན་མདོག་གིས་བརྒྱན་པའི་ངོ་མཚར་ཆེ་བའི་མི་ཚེ།

    ——“སྨན་ཐང་ལུགས”ཀྱི་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལྷག་པ་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། མཚམས་གཅོད། བསོད་ནམས་ཆོས་སྐྱིད། བཀྲ་ཤིས་ཚེ་དབང་།   |     སྤེལ་དུས།  2026-06-13

    འདི་ནི་ལྷག་པ་ཚེ་རིང་གིས་ཐང་ག་བཞེངས་བཞིན་པ།

    འདི་ནི་ཁོང་གི་ཨ་ཁུ་ཚེ་རིང་དོན་གྲུབ་ཡིན་པ།

    འདི་ནི་པེ་ཅིང་རྒྱ་བོད་སྒྱུ་རྩལ་སྤེལ་རེས་དང་ཀྲུང་ཧྭ་མི་རིགས་སྤྱི་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔྱད་གླེང་ཚོགས་འདུའི་ཐོག་གི་མཉམ་པར་ཡིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་གདན་ཞུས་ལྟར་དགའ་ལྡན་དགོན་གྱི་འཚེམ་དྲུབ་ཐང་ག་24སྲུང་སྐྱོང་གི་ལས་གྲྭ་ཐེངས་དང་པོའི་ཐང་ག་12འདྲ་བཟོའི་རྣམ་གྲངས་ལ་ཞུགས་ནས་སྤེལ་རེས་བྱེད་བཞིན་པ།

    འདི་ནི་2025ལོར་ལྷག་པ་ཚེ་རིང་གིས་པེ་ཅིང་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གི་རྒྱལ་སྤྱིའི་སློབ་ཁྲིད་ལ་ཞུགས་ནས་ཕོ་བྲང་གི་རི་མོའི་ལུགས་དང་དེ་བཞིན་ཁྱིམ་རྒྱུད་ཀྱི་སྲོལ་རྒྱུན་ལག་རྩལ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ།

    འགན་ལྕི་ཕྲག་ཏུ་ཁུར། མི་ཚེའི་མདུན་ལམ་ཡངས།

    ལྷག་པ་ཚེ་རིང་ནི་1967ལོར་སྐྱེས་པ་དང་ཕའི་ཤུགས་རྐྱེན་འོག་ཁོང་གིས་ཆུང་དུས་ནས་རི་མོ་འབྲི་རྩལ་མིག་འདྲིས་རྣར་འཇགས་བྱུང་ཡོད། 1977ལོར་ལོ་བཅུ་ལ་སོན་པའི་ཁོང་གིས་ལྷ་རིས་པ་ཕ་ཀུན་བཟང་རྣམ་རྒྱལ་དང་མཉམ་དུ་དེ་སྔའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁ་བཏགས་ཚོགས་པ་ཚད་ཡོད་ཀུང་སིར་བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་སྟངས་སྦྱོང་འགོ་ཚུགས།

    ལྷག་པ་ཚེ་རིང་ནི“སྨན་ཐང་ལུགས”ཀྱི་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ད་བར་ནོར་བུ་གླིང་ཁར་ཕོ་བྲང་གི་ལྡེབས་རིས་དང་། ཐང་ག་འབྲི་བཞེངས། སྲུང་སྐྱོང་ཉམས་གསོ་བཅས་ཀྱི་ལས་ལ་གཞོལ་ནས་ལོ་ལྔ་ཙམ་སོང་ཡོད།

    ཁོང་གིས་ཁྱིམ་རྒྱུད་ཀྱི་ལོ་བརྒྱའི་ལག་རྩལ་རྒྱུན་འཛིན་གྱི་འགན་ཁུར་བ་མ་ཟད། ལྷ་ས་བསོད་ཆུང་རི་མོ་ཁང་གི་ཡོན་ཀྲང་དང་། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་རིག་དངོས་ཁོངས་གཏོགས་རིག་གཞུང་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན། རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཨུ་ཡོན། རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་ཞིབ་དཔྱད་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི། བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། བོད་ལྗོངས་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་དང་། དེ་བཞིན་བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭའི་རིགས་གཅིག་མཁས་ཅན་བློ་འདྲི་བ་སོགས་ཀྱི་འགན་ལྕི་པོ་ཕྲག་ཏུ་ཁུར་ནས། ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྲོལ་རྒྱུན་རི་མོ་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་ལ་གཞོལ་བཞིན་མཆིས།

    ཕ་རྒྱུད་བུ་ཡིས་འཛིན། གསར་གཏོད་ལམ་བུ་ཡངས།

    1977ལོ་ནས་1979ལོའི་བར། ཁོང་ཐོག་མར་ཕོ་བྲང་པོ་ཏ་ལའི་ལྡེབས་རིས་ཉམས་གསོའི་ལས་གྲྭར་ཞུགས་པ་དང་། 1979ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གནའ་བོའི་སྒྱུ་རྩལ་ཨར་ལས་མཛེས་རྩལ་ཀུང་སིར་ཕ་དང་མཉམ་དུ་ལས་ཀར་ཞུགས། 1993ལོའི་ལོ་མཇུག་ཏུ་ཕ་ཀུན་བཟང་རྣམ་རྒྱལ་ནད་ཀྱིས་རྐྱེན་པས་ཚེ་ལས་འདས་སྟབས་དགེ་ཕྲུག་50ལྷག་ཙམ་ལས་ཀ་ཤོར། ཁོང་གིས་ཕའི་ཁ་ཆེམས་ལ་བརྩི་སྲུང་ཞུ་ཆེད་1994ལོ་ནས་བཟུང་མུ་མཐུད་ཕའི་སློབ་ཕྲུག་བཅུ་གྲངས་ཁྲིད་དེ“གངས་ལྗོངས་སངས་རྒྱས་ནོར་བུའི་ལྡེབས་རིས་འཇིམ་འབག་བཟོ་གྲྭ”བཙུགས་པ་དང་འབྲེལ། བཟོ་གྲྭའི་འགོ་འཛིན་ཡང་བྱས། དེའི་རིང་རྒྱལ་སྤྱིའི་ཚོང་དོན་ཁྲོམ་རའི་དགོས་མཁོར་དམིགས་ནས་མཉམ་ལས་ཀྱི་འདོད་འདུན་བཏོན་ཏེ་རྒྱལ་ཁབ་ཕྱི་ནང་དུ་ཐང་ག་རྩེ་གྲ་ཁག་400དང་འཚེམ་དྲུབ་ཐང་ག་གཅིག་བཞེངས། 2010ལོར་ཁོང་གིས་སྨན་ཐང་ལུགས་ཀྱི་འཐུས་ཚབ་པའི་ངོས་ནས་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ལ་ཞུགས་ཤིང་། 2012ལོའི་ཟླ་6པར་གདན་ཞུས་ལྟར་ཁྲེང་ཏུའུ་རུ་གཉེར་བའི“ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན”ལ་ཞུགས་པ་དང་། 2016ལོར་ནེ་པ་ལའི་གདན་ཞུས་ལྟར་ཀྲུང་གོའི་རིག་གནས་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མཉམ་དུ་གཉེར་བའི་སྐབས་དང་པོའི་ཀྲུང་ནེའི་རིག་གནས་སྤེལ་རེས་ཚོགས་འདུར་ཞུགས་པ་རེད། 2020ལོའི་ཟླ་3པར་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་བཀའ་མངགས་ལྟར་ལྷ་ས་གྲོང་ཁྱེར་གྱི་གསང་བའི་སྒོ་རའི་ལྡེབས་རིས་ཉམས་གསོ་དང་སྲུང་སྐྱོང་ལས་དོན་སྤེལ་བ་དང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་རྭ་སྒྲེང་དགོན་གྱི་ལྡེབས་རིས་ཉམས་གསོ་དང་ཞིབ་བཤེར་ལས་དོན་ལའང་ཞུགས། ཕའི་ཞལ་ཆེམས་ལྟར2023ལོའི་ཟླ་4ཚེས་13ཉིན“ལྷ་སའི་བསོད་ཆུང་རི་མོ་ཁང”བཙུགས་ནས་ཁྱིམ་རྒྱུད་ཀྱི་ཐང་གའི་ལག་རྩལ་ཡག་ཤོས་དུས་རབས་གསར་པར་མུ་མཐུད་བརྒྱུད་སྤེལ་དང་འཕེལ་རྒྱས་བཏང་བ་རེད། 2024ལོའི་ཟླ་9ཚེས་27ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལིའུ་ཏུང་མའེ་ཡི་གདན་ཞུས་ལྟར་ཞིབ་འཇུག་སློབ་མ་2དང་པེ་ཅིང་ཕོ་བྲང་རྙིང་མའི་རྟེན་མཛོད་ཁང་གི་ཞིབ་འཇུག་པ་ཧྥང་ཞའོ་ཅི་དང་བཅས་པས། སྨན་ཐང་ལུགས་ཀྱི་ཐང་གའི་ཚད་གཞིར་ས་གནས་ས་ཐོག་ཏུ་ཚད་འཇལ་དང་ཟིན་ཐོ་བཀོད་དེ་ཐང་གའི་ཞིབ་འཇུག་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས། 2025ལོའི་ཟླ་5པར་གདན་ཞུས་ལྟར་པེ་ཅིང་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོབ་ཉམས་གསོ་མཐུན་ཚོགས་ཀྱི“རི་མོའི་རིགས་ཀྱི་རིག་དངོས་སྲུང་སྐྱོང་ཉམས་གསོའི”ཆེད་དོན་སློབ་ཚན་ལ་ཞུགས་པ་དང་། ས་གནས་ས་ཐོག་ཏུ་ཕོ་བྲང་གི་རི་མོའི་ལུགས་དང་དེ་བཞིན་ཁྱིམ་རྒྱུད་ཀྱི་སྲོལ་རྒྱུན་ལག་རྩལ་ཉམས་ལེན་དང་ཞིབ་འཇུག་གི་བྱེད་སྒོ་སྤེལ་བས། རྒྱལ་ཁབ་ཁག་གི་རིག་དངོས་ཉམས་གསོའི་རིགས་གཅིག་མཁས་ཅན་གྱི་གདེང་འཇོག་ཡག་པོ་ཐོབ་ནས། འཛམ་གླིང་ལ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པ་མ་ཟད། བོད་ཀྱི་རི་མོའི་སྒྱུ་རྩལ་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བར་གཟེངས་སུ་ཐོན་པའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    དུས་རབས་འཕེལ་ཕྱོགས་ལེགས། མ་འོངས་རེ་བས་ཁེངས།

    ཁོང་ནི་སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོང་བ་ཞིག་རེད་ལ། གསར་གཏོད་འཕེལ་རྒྱས་ཀྱི་རྒྱུན་འཛིན་པ་ཞིག་ཀྱང་རེད། ཁོང་གིས“ངས་པཱ་ལགས་ཀྱི་རེ་འདུན་ལྟར‘ལྷ་སའི་བསོད་ཆུང་རི་མོ་ཁང’བཙུགས་པ་མ་ཟད། པེ་ཅིང་དུ་རིག་གནས་ཉམས་ལེན་ཁང་དང་ཁྲིད་སྦྱོང་རྟེན་གཞི་ཡང་བཙུགས་པ་ཡིན། འདི་ནི་ལོ་བརྒྱའི་ཕོ་བྲང་གི་རི་མོའི་སྒྱུ་རྩལ་སྤུས་རྟགས་རྒྱུན་མཐུད་བྱས་པ་ཞིག་ཡིན་ལ། དེ་བས་རྒྱ་ཆེ་བའི་སྟེགས་བུའི་ཐོག་སྨན་ཐང་ལུགས་ཀྱི་སྒྱུ་རྩལ་ཁྱབ་གདལ་བཏང་ནས་ཐང་གར་དགའ་པོ་བྱེད་མཁན་ནང་སའི་མི་རྣམས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་པའི་གོ་སྐབས་བསྐྲུན་ཆེད་ཡིན། ངས་རི་མོ་ཁང་གི་དགེ་སློབ་ཡོངས་དང་མཉམ་དུ་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་གྱི་ཡིན”ཞེས་བརྗོད་པ་རེད།

    ཁོང་གིས་ཞིབ་འཇུག་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་རང་ངོས་ཀྱི་ལག་རྩལ་རྒྱུན་མཐུད་ཡག་ཏུ་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་རྒྱུན་འཛིན་གྱི་ནུས་པ་ཆེ་རུ་གཏོང་བཞིན་མཆིས། གོམ་སྟབས་རྗེས་མར“ངས་ལས་སྟེགས་རྒྱ་ཆེར་བཏང་ནས་རྒྱལ་ནང་གི་དངོས་མང་སྟོན་ཚོགས་སྒྲིག་གཞི་དང་། སློབ་གསོའི་ཚན་པ། མངོན་མིན་རིག་གནས་ཤུལ་བཞག་རྩ་འཛུགས་བཅས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། དེ་བས་རྒྱ་ཆེ་བའི་སྤེལ་རེས་དང་འགྲེམས་སྟོན་གྱི་འབྲེལ་ཟམ་འཛུགས་རྒྱུ་མ་ཟད། རྒྱུན་འཛིན་པ་གསར་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ་སྨན་ཐང་ལུགས་ཀྱི་བྲིས་རྒྱུན་རྒྱུན་འཛིན་དང་དུས་རབས་ཀྱི་གསོན་ཤུགས་རྒྱས་པར་བྱེད་པ་དང་། དུས་རབས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱིས་དང་ལེན་བྱེད་པའི་རྒྱུན་འཛིན་གྱི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ། གནའ་བོའི་ཐང་གའི་སྒྱུ་རྩལ་ལ་དེང་རབས་ཀྱི་སྐྱེ་སྟོབས་གསར་པ་འཕེལ་བར་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།