དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བོད་ཡིག་གི་དཔེ་རྙིང་ཉམས་གསོའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-12

    སྔོན་གྱི་དུས་སུ་བྱུང་བའི་བོད་ཡིག་དཔེ་རྙིང་དག་ལ་མྱུར་སྐྱོབ་ཇི་ལྟར་བྱེད་མིན་སྐོར་རགས་ཙམ་གླེང་ན། རྟེན་དེ་ཉིད་གལ་ཆེའི་རང་བཞིན་དུ་འཛིན་ནས་གཞི་དེ་ཉེན་ཁ་ལས་ཁ་བྲལ་ཐབས་བྱེད་པ་ཞིག་ཡིན་པས་དུས་དང་མཐུན་པའི་ལས་གལ་པོ་ཆེ་རུ་གྱུར། ཕུ་རིའི་ཡིག་ཚང་ལྟ་བུར་མཚོན་ན་རྒྱལ་ནང་དང་ཕྱིའི་རྒྱལ་ཁབ་ཀྱི་དཔེ་རྙིང་ཉམས་གསོ་དང་མི་འདྲ་བར་ས་བབ་མཐོ་བའི་ཁུལ་དུ་གནས་པའི་བོད་ཡིག་དཔེ་རྙིང་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན། དེ་ཕྱིར་ཉམས་གསོའི་བརྒྱུད་རིམ་ཁྲོད་དུའང་དམིགས་བསལ་གྱི་ཐབས་ཇུས་དང་རྒྱུ་ཆ་སོགས་མཁོ་བས་གཤམ་དུ་རིམ་པར་གསེད་བཀྲོལ་བགྱི་བར་བྱ།

    དང་པོ། དཔེ་རྙིང་ཉམས་གསོའི་ཡོ་ཆས་ངོ་སྤྲོད།

    བོད་ཡིག་དཔེ་རྙིང་ཉམས་གསོའི་ཁྲོད་དུ་ཆེས་གལ་འགངས་ཆེ་བ་ཞིག་ནི་ཉམས་པར་གསོ་བའི་དཔེ་རྙིང་གི་ཤོག་བུའི་རྒྱུ་དང་ཁ་དོག སྲབ་མཐུག་བཅས་མཐུན་པའི་ཤོག་བུ་འཚོལ་རྒྱུ་དེ་ལགས་པས། ཕུ་རིའི་ཡིག་ཚང་ལྟ་བུ་ཉམས་གསོའི་སྐབས་ཀྱི་ཤོག་བུ་ནི་སྐྱེམས་ཤོག་ཡིན་ལ། དེ་བཞིན་བོད་ནས་ཐོན་པའི་ཤོག་བུ་ལ་དྭགས་པོ་སྟོད་ནས་ཐོན་པའི་དྭགས་ཤོག་དང་། དྭགས་པོ་སྨད་ནས་ཐོན་པའི་སྐྱེམས་ཤོག གོས་ཤོག མོན་ཡུལ་ནས་ཐོན་པའི་མོན་ཤོག འབྲུག་ཡུལ་ནས་ཐོན་པའི་འབྲུག་ཤོག་གམ་ལྷོ་ཤོག རྒྱང་ཡུག སྟོད་ཤོག་དང་གློ་བོའི་གློ་ཤོག སྙེ་མོའི་སྙེ་ཤོག ཀོང་ཤོག་གམ་ཞོ་ཤོག གཉའ་ནང་ནས་ཐོན་པའི་གཉའ་ཤོག བྲག་གཡབ་ནས་ཐོན་པའི་ཁམས་ཤོག་སོགས་ནི་བོད་ཀྱི་ཤོག་བུའི་ཁྲོད་ཅུང་གྲགས་ཆེ་བའི་གྲས་ཡིན། བོད་ཤོག་གི་ཁྱད་ཆོས་གཙོ་བོ་ནི་ལོ་སྟོང་ཕྲག་སོང་ཡང་སྲིན་བུས་བཟའ་བ་དང་རུལ་བ་སོགས་ཡོང་གི་མེད། གཞན་ཡང་བོད་དུ་ཡོད་པའི་དཔེ་རྙིང་གི་འབྲི་ཤོག་ལ་རིགས་སྣ་ཚོགས་པ་ཡོད་དེ། འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་ཉར་བའི་འབྲི་ཤོག་ལ་མཚོན་ན། སྤྱིར་བཏང་བོད་ཤོག་དང་བོད་ཤོག་དབུར་མ། བརྩེགས་ཤོག མཐིང་ཤོག མཚལ་ཤོག་དང་། སྐྱེམས་ཤོག འབྲུག་ཤོག རྒྱ་ནག་ཤོག་བུ། ཀོ་ལི་ཤོག་བུ་སོགས་ཤོག་བུ་འདྲ་མིན་དང་། གཞན་ཡང་མཁྲེགས་ཤིང་གི་པགས་པ་དང་། ཏ་ལའི་ལོ་མ། དར། ཤིང་བྱང་སོགས་རྒྱུ་སྤུས་ཕུན་སུམ་ཚོགས་པོ་ཡོད་པར་སྣང་།

    གཞན་ཡང་བོད་ཡིག་གི་དཔེ་རྙིང་ཉམས་གསོའི་ཁྲོད་དུ་མཁོ་བའི་ཡོ་ཆས་མང་དག་ཡོད་མོད། གཅིག་གྱུར་གྱི་བརྡ་ཆད་ཅིག་གྲུབ་མེད་པས་འདིར་འོལ་ཚོད་ཀྱིས་སྨྲ་བར་མི་བྱ། འདིར་རྒྱ་ཡིག་གི་མ་ཡིག་གཞི་བཞག་ཏུ་བཀོད་ན་འདི་ལྟ་སྟེ། “陈子达、魏华琳所著《古籍修复》(中国美术学院出版社,2015年)一书第4页记载:古籍修复常用工具可分笔刷类、剪锥类、容器类、压板类等。笔刷类主要有毛笔、排笔、棕刷等工具,多用于裱补书叶;剪锥类主要有剪刀、镊子、锥子、敲锤等;容器类主要有喷壶、浆糊碗、箩等;压板类主要有压书板、压铁石等。古籍修复常用设备有工作台、压书机、电磁炉、照相机等。工作台相当于大幅面补书板,主要用于裁纸、整理书叶等;压书机用于压平修补好的书叶;电磁炉用于烧水或蒸揭等工作;照相机是制作修复档案的重要仪器。”ཞེས་གསུངས་པ་ལས་ཤེས་པར་བྱའོ། ། ཁྱད་དོན་དུ། གྲོ་ཕྱེའི་སྐྱོ་མ་ནི་དཔེ་རྙིང་ཉམས་གསོའི་ཁྲོད་མེད་དུ་མི་རུང་བ་ཞིག་སྟེ། གང་དེས་ཤིང་བཟོའི་ལག་རྩལ་ཁྲོད་ཀྱི་སྤྱིན་ལྟ་བུའི་ནུས་པ་ཐོན་གྱི་ཡོད། དེ་ཡང་སྤྱིར་བཏང་གི་གྲོ་ཕྱེས་མི་ཡོང་ཞིང་སྐྱོ་མ་བཟོས་པའི་བརྒྱུད་རིམ་ལའང་སྦྱོང་བརྡར་ངེས་ཅན་དང་ཉམས་མྱོང་ངེས་ཅན་ཞིག་མེད་ན་ཚད་དང་ལྡན་པའི་སྐྱོ་མ་ཞིག་ཆགས་པར་དཀའ།

    གཉིས་པ། དཔེ་རྙིང་ཉམས་གསོའི་གོ་རིམ་དང་ལག་ལེན་དངོས་ཀྱི་མྱོང་བ།

    དཔེ་རྙིང་གི་ལས་ལ་འཇུག་ཚུལ་རྣམ་གཞག་བཞུགས་སོ་ཞེས་པར། དཔེ་རྙིང་ཉམས་གསོ་ལ་རྩ་དོན་ཆེན་པོ་ལྔ་ཡོད་དེ། གཞི་མ་དཔེ་དེ་རང་གི་རྣམ་པ་སོགས་ཇི་མ་ཇི་བཞིན་དུ་དཔར་བ་སོགས་ཀྱིས་སྐྱོབ་པ་དང་། དེའི་སྙིང་དོན་རྣམས་བླངས་ཏེ་ནང་དོན་མི་ཉམས་པར་སྐྱོབ་པ་དང་། དེའི་ཆ་ལག་གི་གནོད་པའི་འབྱུང་རྐྱེན་ལས་སྐྱོབ་པ་དང་། དེ་གནས་སའི་གཞི་བཅོས་ནས་སྐྱོབ་པ། དེའི་རིན་ཐང་སོགས་ལེགས་པར་ངོ་སྤྲོད་པས་སྐྱོབ་པ་དང་ལྔའོ། །ཞེས་པ་ལས་ཤེས་པར་བྱའོ། །

    ཕུ་རིའི་ཡིག་ཚང་ལྟ་བུའི་དཔེ་རྙིང་ཉམས་གསོའི་གོ་རིམ་ལ་ཆ་མཚོན་ན། དང་པོ། ལག་ཏུ་སོན་པའི་དཔེ་རྙིང་གང་དེའི་ཞེང་དང་དཀྱུས་ཀྱི་ཚད། དེ་བཞིན་དཔེ་རྙིང་གི་སྤྱིའི་ཉམས་ཆག་གི་གནས་ཚུལ་ལ་པར་ཆས་ཀྱིས་པར་རེ་བླངས་རྗེས་དཔེ་རྙིང་གི་ལོ་རབས་དང་པར་གཞི། ཤོག་བུའི་རྒྱུ་ཆ་བཅས་ལ་ཉམས་ཞིབ་ལེགས་པོས་ཉམས་ཆག་ཅན་གྱི་དཔེ་རྙིང་དང་མཐུན་པའི་ཉམས་གསོའི་ཇུས་གཞི་བཏོན་ནས་ཡིག་ཚགས་འབྲི་དགོས་པར་སེམས། དཔེ་རྙིང་ཉམས་གསོའི་ཡིག་ཚགས་ནི་ཉམས་གསོ་བྱེད་དགོས་ཀྱི་དཔེ་རྙིང་གང་དེའི་ཉམས་ཆག་གི་འབྲེལ་ཡོད་གནས་ཚུལ་ཐོ་འགོད་ཚུལ་ཞིག་ཡིན། ཉམས་གསོའི་ཡིག་ཚགས་ནི་དཔེ་རྙིང་གང་དེ་ཉམས་གསོ་འགོ་བཙུགས་པ་ནས་བཟུང་མཇུག་བསྡུ་བའི་བར་གྱི་བརྒྱུད་རིམ་ཆ་ཚང་ཐོ་རུ་འགོད་པའི་གལ་ཆེའི་ལས་ཀ་ཞིག་ལ་ཟེར།

    དེ་བཞིན་དཔེ་རྙིང་གང་དེ་ཀློག་འདོན་དང་ཉར་ཚགས། གནས་སྤོའི་བརྒྱུད་རིམ་ཁྲོད་དུ་རྒྱུ་རྐྱེན་མང་དག་ཅིག་གིས་རྐྱེན་པས་བཞའ་སྐྱོན་དང་ཐལ་རྡུལ། སྣུམ་ཚི། སྣག་ཚ་སོགས་ཀྱི་གཏོར་སྐྱོན་ཕོག་ཡོད། ཉམས་གསོའི་སྐབས་སུ་ཉམས་ཆག་གི་གནས་ཚུལ་ལ་གཞིགས་ནས་ཐབས་ཤེས་སྣ་ཚོགས་བཏང་ནས་གཏོར་སྐྱོན་གང་ཡོད་པ་དེ་དག་རེ་རེ་བཞིན་གཙང་སེལ་བྱེད་དགོས། གཞན་བོད་ཀྱི་དཔེ་རྙིང་ལ་བྱི་བའི་གཏོར་སྐྱོན་དང་སྣུམ་ཚིའི་གཏོར་སྐྱོན་ཞུགས་པའི་རིགས་ནི་དམིགས་བསལ་གྱི་གཏོར་སྐྱོན་ཞིག་རེད། གཏོར་སྐྱོན་གཙང་སེལ་ལ་སྤྱིར་ཐབས་ཤེས་མི་འདྲ་བ་མང་དག་ཅིག་ཡོད་ཀྱང་ཕུ་རི་ཡིག་ཚང་ལྟ་བུ་བོད་ཡིག་དཔེ་རྙིང་ལ་དང་པོ་དཔེ་རྙིང་སྟེང་གི་ཐལ་རྡུལ་ཕག་མདོ་ཡིས་ག་ལེར་ཕྱག་བདར་བྱེད་དགོས།

    དམིགས་སུ་བོད་ཡིག་དཔེ་རྙིང་ཕན་ཚུན་འབྱར་བའི་གནས་ཚུལ་ལ། དང་པོ། འབྱར་ཚད་ཅུང་ཆུང་བ་ལ་རློན་པ་མ་བཟོས་པར་ག་ལེར་ཁ་ཕྲལ་དགོས། གཉིས་པ། འབྱར་ཚད་ཅུང་ཚབས་ཆེ་བ་ལ་རློན་པ་བཟོས་ནས་ཁ་ཕྲལ་དགོས། གསུམ་པ། འབྱར་ཚད་ཤིན་ཏུ་ཚབས་ཆེན་ལ་རླངས་བཙོས་བརྒྱབ་ནས་ག་ལེར་ཁ་ཕྲལ་དགོས། འོན་ཀྱང་རློན་པ་མ་བཟོས་པའི་གོང་དུ་སྣག་ཚ་ཆུ་དང་འཕྲད་ན་ཟུབ་མིན་ལ་བརྟག་དགོས། དེ་རྗེས་ཉམས་ཆག་ཅན་གྱི་དཔེ་རྙིང་དང་འཚམ་པའི་ཤོག་བུས་ལྷན་པ་རྒྱག་པ། གྲོ་ཕྱེའི་སྐྱོ་མ་སོགས་སྐམ་པ། དཔེ་རྙིང་གི་མ་དཔེའི་བཟོ་དབྱིབས་དང་མཐུན་པའི་དབྱིབས་འབྲེག་གྲུབ་རྗེས་དཔེ་རྙིང་ཞིག་གི་ཉམས་གསོ་གྲུབ་ཟིན་པར་བཤད་དོ།

    གསུམ་པ། དཔེ་རྙིང་ཉམས་གསོ་ལས་འཕྲོས་ཏེ་ཤིང་ཏ་ལའི་ལོ་མའི་དཔེ་རྙིང་སྐོར་གླེང་བ།

    བོད་དུ་ཡོད་པའི་ཤིང་ཏ་ལའི་ལོ་མའི་དཔེ་རྙིང་དང་རྒྱ་གར་གྱི་ཤིང་ཏ་ལའི་ལོ་མའི་དཔེ་རྙིང་གི་ཡི་གེ་འབྲི་སྲོལ་མི་འདྲ་བར་སྣང་སྟེ། གཏམ་རྒྱུད་གསེར་ཐང་ལས། རྒྱ་གར་ལྷོ་ཕྱོགས་རྣམས་ཀྱིས་ཏ་ལའི་འདབ་མར་ལྕགས་ཁབ་ཀྱི་རྩེ་མོས་ཡི་གེ་འབྲི་བར་འདུག་སྟེ་ཀློག་བདེ་བ་མི་སྣང་མོད། ཡི་གེ་ནམ་ཡང་ཆུད་མི་ཟ། སིངྒ་ལར་ཡང་སྡེ་སྣོད་ཀྱི་གླེགས་བམ་རྣམས་ལྕགས་ཁབ་ཀྱིས་འབྲི་བར་ཡིན་པར་སྣང་། བོད་དུ་ཏ་ལའི་ལོ་མའི་ཡིག་ཚང་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་བརྒྱད་པ་ཙམ་ནས་བྱུང་ཞིང་། དུས་རབས་བཅུ་དྲུག་པའི་བར་རྒྱུན་མ་ཆད་པར་ཡོད་ལ། འབྲི་རྫས་ཧ་ལམ་སྣག་ཚ་ཡིན་ཞིང་། འབྲི་སྟངས་ལྕགས་ཁབ་ཀྱིས་བྲིས་པ་ཉུང་ཞིང་ཕལ་ཆེ་བ་སྨྱུག་བྲིས་སུ་མཐོང་ཞེས་བོད་ཀྱི་ཡིག་ཚང་རིག་པ་སྤྱི་བཤད་དུ་གསལ། དེ་སྔ་བསྡུ་སྒྲིག་མཛད་ཟིན་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་རིགས་སྟོང་ཕྲག་ལ་ཉེ་བའི་གྲས་སུ་བོད་བྲིས་མ་ཁག་གཅིག་ཀྱང་བཞུགས་ཡོད། ཏ་ལའི་ལོ་མ་ནི་རྒྱ་གར་སོགས་ཚ་ཁུལ་ནས་བྱུང་ཞིང་དེ་ལ་ཡིག་རིས་ཕབ་པའི་སྲོལ་ཡང་ཐོག་མར་རྒྱ་གར་ནས་དར་ན་ཡང་། དུས་སྐབས་ངེས་ཅན་ཞིག་ལ་དེ་ཉིད་བོད་ཀྱི་ཡིག་ཚང་ཁག་གཅིག་གི་རྟེན་དུ་གྱུར་པས། ཡུལ་དུས་གཉིས་ཀྱི་འཕོ་འགྱུར་དང་ཕྱི་ནང་གསང་གསུམ་གྱི་རྒྱུ་རྐྱེན་དུ་མའི་དབང་གིས་དཔེ་རྙིང་དེ་དག་ལ་ཉམས་ཆག་བྱུང་ཡོད་པ་ནི་མངོན་སུམ་ཚད་མའི་སྤྱོད་ཡུལ་དུ་སོང་བས། བོད་དུ་ཡོད་པའི་ཤིང་ཏ་ལའི་ལོ་མའི་དཔེ་རྙིང་ལ་ཉམས་གསོ་བྱེད་སྐབས་རྩམ་པའི་སྐྱོ་མས་ཏ་ལའི་ལོ་མ་ཕན་ཚུན་སྦྱར་སྲོལ་ཡང་ཡོད་པར་ངེས་ཞེས་བོད་ཀྱི་ཡིག་ཚང་རིག་པ་སྤྱི་བཤད་དུ་བཤད་མོད། འོན་ཀྱང་དེའི་བརྒྱུད་རིམ་དང་ཚད་གཞིའི་ཆ་ནི་ཞིབ་ཏུ་མ་བསྟན། མདོར་ན། དཔེ་རྙིང་ཉམས་ཆག་ཅན་དག་ནི་དཔེ་རྙིང་ཉམས་གསོའི་ཁྲོད་ཀྱི་གནད་གལ་ཆེན་ཞིག་ཡིན་པས། ང་ཚོས་དཔེ་རྙིང་སྲུང་སྐྱོབ་ཀྱི་སྔོན་ཐོན་རིག་ཚན་དག་སྤྱད་ནས་བོད་ཤོག་གི་རྒྱུ་ཆ་དང་ཁྱད་ཆོས་དམིགས་བསལ་ལྡན་པ་རྣམས་དཔེ་རྙིང་ཉམས་གསོའི་ལག་རྩལ་གྱི་ཆར་ཞིབ་འཇུག་བྱ་རྒྱུ་ནི་དགོས་པའི་ནང་གི་ཉིང་དགོས་སུ་མཐོང་།

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2024ལོའི་ཀྲུང་གོའི་གནའ་སྲོལ་ཡིག་ཚང་རིག་པའི་ཤེས་རམས་ཞིབ་འཇུག་སློབ་མ་འཇམ་དབྱངས་རྒྱལ་པོ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།