སྒྲ་སྙན་སློབ་ཁྲིད་བྱ་བར་སྤྲོ་བས་འཇུག སྲོལ་རྒྱུན་སྒྱུ་རྩལ་མི་ཉམས་གོང་དུ་སྤེལ།
—— པད་མ་ཚེ་རིང་དང་སྒྲ་སྙན་གྱི་ལས་འབྲེལ་སྐོར་བཀོད་པ།
གསར་འགོད་པ། ཉི་མ་ཆོས་གྲུབ། ཆོས་བཟང་། བསྟན་འཛིན་གཡུ་སྒྲོན། བསོད་ནམས་སྟོབས་ལགས། བསོད་ནམས་དཔའ་མོ།






གསར་འགོད་པ། ཉི་མ་ཆོས་གྲུབ། ཆོས་བཟང་། བསྟན་འཛིན་གཡུ་སྒྲོན། བསོད་ནམས་སྟོབས་ལགས། བསོད་ནམས་དཔའ་མོ།
ཤར་རིའི་སྤོ་ལས་རྟ་བདུན་དབང་པོའི་འཛུམ་ཞལ་ངོམ་པའི་བསིལ་དུས་ཀྱི་ཞོགས་པར། གསར་འགོད་པ་དང་བཅས་པ་ལྷ་སའི་ལྕགས་རོང་སྡེ་ཁུལ་གྱི་བོད་ལྗོངས་མེས་པོའི་ཞབས་རྗེས་སྒྱུ་རྩལ་ཟབ་སྦྱོང་སློབ་གྲྭར་བཅར་འདྲི་ཞུ་བར་བསྐྱོད། དེ་གར་སློབ་མ་མང་པོ་འདུས་ཤིང་རྒན་པད་མ་ཚེ་རིང་གིས་སློབ་མ་ཚོར་སྒྲ་སྙན་གྱི་རོལ་དབྱངས་སློབ་ཁྲིད་གནང་བཞིན་མཆིས།
⒈ སྒྲ་སྙན་གྲོགས་སུ་བསྟེན་ནས་སྲོལ་རྒྱུན་རིག་གནས་ལ་སྦྱངས་པ་མཐར་ཕྱིན་བྱས།
ཆུང་བྱིས་པའི་དུས་སུ། ཉིན་ཞིག་གི་ས་སྲོས་ཟིན་མཚམས་ལ་གྲོང་མདོ་ནས་གྲགས་ཡོང་བའི་སྒྲ་སྙན་གྱི་དབྱངས་སྙན་མོས་ཁོང་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པས། ལག་ནང་གི་རྩེད་ཆས་ཀྱང་རང་སར་བསྐྱུར་ཏེ་མཆོངས་མ་ལྡིང་གིས་དབྱངས་སྙན་གྲགས་སའི་ཕྱོགས་སུ་རྒྱུགས་པར་ཐལ། ཁོང་ནི་སྒྱུ་རྩལ་གྱི་རྣམ་དཔྱོད་ཡངས་པའི་བྱིས་པ་ཞིག་ཡིན་ཞིང་། སློབ་ཆུང་སྐབས་ཁོང་ལ“སློབ་རའི་གཞས་པ་ཕུལ་བྱུང་བཅུ”ཡི་མཚན་སྙན་ཡང་ཡང་ཐོབ་མྱོང་བ་དང་། སློབ་འབྲིང་འགྲིམ་སྐབས་སུ་སྒྲ་སྙན་དཀྲོལ་གཏོང་དང་། ལེ་ཚན་འཁྲབ་སྟོན། འབྲས་དཀར། རྩོམ་ཐུང་འབྲི་བ་སོགས་ཀྱིས་དུས་འདའ་བར་བྱས་ནས་རང་གི་སྒྱུ་རྩལ་གྱི་ཞིང་ཁམས་སུ་དབྱིངས་ཀྱིས་ཚུད། ཁོང་གི་མཚན་ལ་པད་མ་ཚེ་རིང་ཞུ་ཞིང་། བོད་རིགས་ཀྱི་གནའ་བོའི་རོལ་ཆ་སྒྲ་སྙན་རྒྱུན་འཛིན་དང་། དཀྲོལ་གཏོང་། བརྒྱུད་བསྒྲགས་སོགས་ལ་རྩེ་གཅིག་ཏུ་གཞོལ་བས་སློབ་ཆེན་འགྲིམ་སྐབས་ལྗོངས་ཕྱི་ནང་དུ་སྐད་གྲགས་གང་ལ་གང་འཚམ་ཆོད་ཟིན།
ཉེ་བའི་ལོ་ཤས་ནང་། ཁོང་གིས་སྒྲ་སྙན་དྲིལ་བསྒྲགས་གནང་མཁན་གྱི་ཕོ་ཉ་ཞིག་ལྟར་སྒྲ་སྙན་ལ་ལག་པ་འཆང་ཙམ་ཡང་བྱེད་མྱོང་མེད་མཁན་དེ་བས་མང་བར་སྒྲ་སྙན་དཀྲོལ་རྩལ་བསླབས་གནང་བ་མ་ཟད། ལྷག་པར་དུ་སྒྲ་སྙན་གྱི་ཡིད་དབང་འཕྲོག་ཤུགས་དེ་འཁོར་རྒྱ་ཆུང་ཆུང་ལས་ཡོངས་སུ་བསྒྲལ་ཏེ་དེ་བས་རྒྱ་ཆེ་བའི་ཡུལ་ཕྱོགས་སུ་ཁྱབ་པར་རྩོལ།
“ཕུ་ན་སྐྱིད་པའི་འབྲོག་ར།། མདའ་ན་མཛེས་པའི་ཞིང་ཐང་།། བར་གྱི་ཀླུ་མོ་ཁྱུ་ནི།། ང་ཡི་གཅེས་པའི་ཕ་ཡུལ” ལོ་དགུར་སོན་སྐབས། པད་མ་ཚེ་རིང་གིས་ཨ་ཁུའི་སྐུལ་སློང་འོག་རང་གི་སྐྱེ་ས་འཚར་སའི་ཕ་ཡུལ་ལ་བསྟོད་པའི་གཞས་ཚིག་འདི་ངག་ནས་བསྒྲོན་པ་རེད། དེའི་ཚེ་དེའི་དུས་སུ། པད་མ་ཚེ་རིང་ནི་སྤྲོ་བས་བརྟས་པའི་འབྲོག་ཕྲུག་ཅིག་རེད། པད་མ་ཚེ་རིང་གི་ཕ་ཡུལ་ནི། གཙང་སྟོད་ཀྱི་ཆར་གཏོགས་པའི་ངམ་རིང་རྫོང་བཟང་བཟང་གྲོང་རྡལ་དཀྱུས་ཚང་གྲོང་ཚོའི་ཀླུ་མོ་ཁྱུ་ཞེས་པའི་རང་བྱུང་གྲོང་ཚོར་ཡིན་པ་དང་། གྲོང་ཚོ་ཧྲིལ་པོར་ཐེམ་གྲངས་12མ་གཏོགས་མེད།
པད་མ་ཚེ་རིང་གིས་བོད་རིགས་ཀྱི་སྲོལ་རྒྱུན་རིག་རྩལ་ལ་བཅངས་པའི་དུང་ཞེན་ནི་ཕ་ཡུལ་ལས་བྱུང་བ་ཞིག་རེད་ལ། ཁྱིམ་རྒྱུད་ཀྱི་རྒན་རབས་རྣམ་གཉིས་ཀྱི་ཤུགས་རྐྱེན་ཐེབས་པ་ཞིག་ཀྱང་རེད། ཆུང་དུས་ཁོང་ཨ་ཁུ་བུ་ཆུང་གི་རྗེས་སུ་འབྲངས་ནས་ནོར་ལུག་འཚོ་བར་འགྲོ་གི་ཡོད་ཅིང་། ཨ་ཁུ་ལགས་ཀྱི་སྐུ་རྒྱབ་ཏུ་ནོར་གཅིག་དང་བརྗེས་པའི་སྒྲ་སྙན་དེ་བསྣམས་ནས། བོད་ཀྱི་ནུབ་བྱང་རྒྱུད་ཀྱི་ཐང་གཤོངས་ཡངས་མོར་ཁུ་དབོན་གཉིས་པོ་ནོར་ལུག་གི་རྨིག་རྗེས་དེད་བཞིན་འགྲོ་བ་དང་། ལམ་བར་དུ་ཚ་ཕོགས་རྒྱག་སྐབས་སྒྲ་སྙན་དཀྲོལ་ནས་དབྱངས་རྟ་སྙན་མོས་དར་ཅིག་རང་སྣང་སྤྲོ་བའི་དབྱིངས་སུ་འདྲེན་པར་བྱེད།
“གུས་པའི་ངོས་ནས་ལས་སླ་ཤོས་ནི། སྒྲ་སྙན་དཀྲོལ་ནས་གླུ་ལེན་པ་དང་ཞབས་བྲོ་འཁྲབ་རྒྱུ་དེ་ཡིན” འདི་ལྟ་བུའི་གདེང་ཚོད་དང་སྤོབས་པ་ནི་པད་མ་ཚེ་རིང་ལ་ལྷན་སྐྱེས་སུ་མངའ་བ་ཞིག་ལོས་ཡིན། ད་ལྟའི་བར་དུའང་སྔར་རྒྱུན་བཞིན་ཁོང་གི་བསམ་པར་རང་ཉིད་ནི་སྒྲ་སྙན་གྱི་ཆེད་དུ་གསོན་པ་ཞིག་དང་། སྒྲ་སྙན་གྱི་ཆེད་དུ་ཚེ་གང་སྐུ་ལས་བསྐྱོན་དགོས་པ་ཞིག་ཡིན་སྙམ་གྱི་ཡོད།
པད་མ་ཚེ་རིང་གྲོང་ཚོ་དང་རྒྱང་ཐག་རིང་པོ་ཆོད་པའི་བཟང་བཟང་གྲོང་རྡལ་སློབ་ཆུང་དུ་བསྐྱོད་དེ་ཞག་སྡོད་ཀྱི་འཚོ་བ་སྐྱེལ་འགོ་བརྩམས། ཕྱིས་སུ་ངམ་རིང་རྫོང་སློབ་འབྲིང་ནས་གཞིས་རྩེ་མཐོ་འབྲིང་དང་པོར་ཡིག་རྒྱུགས་འཕྲོད་རྗེས་ད་གཟོད་རང་ཉིད་རྨང་གཞི་ཞན་པའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་དང་འདྲ་བར་གཞིས་ཀ་རྩེའི་ནུབ་རྒྱུད་ཀྱི་རྫོང་ཁག་ནས་ཡོང་བའི་ཕྲུ་གུ་མི་ཉུང་བ་ཞིག་སློབ་སྦྱོང་གི་རྨང་གཞི་ཞན་པའི་དབང་གིས་ཁག་གཅིག་སློབ་གྲྭ་བསྒྱུར་དགོས་ཐུག་པ་དང་། ཁག་གཅིག་སློབ་མཚམས་ཆད་ནས་ཁྱིམ་དུ་ལོག་མཁན་ཡང་བྱུང་། དེ་ལྟ་ཡིན་མོད། ཁོང་གིས་སྔར་རྒྱུན་བཞིན་སློབ་གྲྭའི་རིག་རྩལ་གྱི་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་ཤིང་། ཡིན་ནའང་ཡུན་རིང་ཡིད་ལ་བརྣགས་པའི་དོན་དག་ནི་རང་གི་སྦྱངས་འབྲས་སློབ་མ་གཞན་གྱི་རྗེས་ཇི་ལྟར་ཟིན་པ་བྱ་རྒྱུ་དེ་ཁོ་ནའོ། དེའི་ཆེད་དུ་ཁོང་གིས་གཞན་ལས་ལྷག་པའི་ཞེ་རུས་ཀྱིས་འབད་བརྩོན་གནང་ཡོད། སློབ་སྦྱོང་གི་སྦྱངས་འབྲས་རིམ་པས་ལེགས་སུ་སོང་བ་དང་དུས་མཚུངས་སུ། ཁོང་གིས་རང་རྩོམ་རང་འཁྲབ་བྱས་པའི་རིག་རྩལ་འཁྲབ་སྟོན་དག་ལ་དགེ་སློབ་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་སྟེ། སློབ་སྦྱོང་གི་སྦྱངས་འབྲས་ཀྱང་རིམ་བཞིན་ལེགས་སུ་སོང་ཡོད།
⒉ རི་གྲོང་ནས་ཐོན་ཞིང་། སྒྲ་སྙན་རིག་གནས་ཁྱབ་སྤེལ་གྱི་འགན་འཁྲི་ཕྲག་ཏུ་བླངས།
སློབ་ཆེན་འགྲིམ་དུས། པད་མ་ཚེ་རིང་སློབ་གྲྭའི་རིག་རྩལ་གྱི་རྐང་འཛིན་མི་སྣར་འཚར་ལོངས་བྱུང་བ་དང་། ཀྲུང་དབྱང་རོལ་དབྱངས་སློབ་གླིང་དང་ཐེན་ཅིན་རོལ་དབྱངས་སློབ་གླིང་སོགས་སུ་འཁྲབ་སྟོན་དང་སྤེལ་རེས་སུ་བསྐྱོད་པའི་གོ་སྐབས་ཐོབ། མཐོང་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས་རིམ་པས་ཁོང་གི་བསམ་རྒྱ་བསྐྱེད་ཅིང་གོ་རྟོགས་སད། ཁོང་དང་སློབ་གྲོགས་འགས“གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པ”བཙུགས་པ་མ་ཟད། “རྒྱ་གྲམ་དམར་རྟགས་མཐུན་ཚོགས”ཁྱབ་སྤེལ་གཏོང་མཁན་ཞིག་ཏུ་གྱུར། དེའི་རིང་ཁོ་ཚོས་ལྗོངས་ཡོངས་རང་བཞིན་གྱི་སྐོར་སྐྱོད་འཁྲབ་སྟོན་གྱི་གོ་སྐབས་ཡོད་ཚད་དམ་དུ་བཟུང་བས། ཁོང་ལ་རིག་རྩལ་ལས་རིགས་ཀྱི་མི་སྣ་དེ་བས་མང་བ་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་རག་པ་མ་ཟད། བོད་ལྗོངས་གཞས་མ་གཏམ་མཐུན་ཚོགས་ཀྱི་ཚོགས་མིར་གྱུར།
ལོ་དེ་དག་གི་དབྱར་གསེང་དང་དགུན་གསེང་རིང་། པད་མ་ཚེ་རིང་གིས་རྟག་པར་ལྟོ་ཕད་རྒྱབ་ཏུ་ཁྱེར་ཞིང་སྒྲ་སྙན་ཕྲག་པར་བསྐོན་ཏེ། དིང་རི་དང་། གཏིང་སྐྱེས། ལྷ་རྩེ། ས་སྐྱ། དེ་བཞིན་རང་གི་སྐྱེ་ཡུལ་ངམ་རིང་དང་། ཐ་ན་ས་ཐག་རིང་བའི་མངའ་རིས་སོགས་ཀྱི་རི་གྲོང་དང་གྲོང་གསེབ་ཏུ་བསྐྱོད་ནས། ཐབས་བརྒྱ་ཇུས་སྟོང་གིས་དམངས་ཁྲོད་སྒྱུ་རྩལ་པ་བཙལ་འཚོལ་གྱིས་བཀའ་འདྲི་ཞུས་ནས། བོད་ཀྱི་སྒྲ་སྙན་སྐོར་གྱི་ལོ་རྒྱུས་དང་ཁྱད་ཆོས་སོགས་དེ་བས་མང་བ་ཤེས་རྟོགས་ཐུབ་ཐབས་བྱས། ཁོང་གིས་བརྩམས་པའི་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ《གཙང་ལ་སྟོད་ལྷོ་བྱང་གི་སྒྲ་སྙན་གླུ་གར་ཞིབ་བསྡུར་ཞིབ་འཇུག》ཅེས་པར་རང་སྐྱོང་ལྗོངས་རིམ་པའི་དཔྱད་རྩོམ་ཕུལ་བྱུང་གི་བྱ་དགའ་ཐོབ།
2023ལོའི་ཟླ་12པར། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་འཛིན་གྲྭ་ཞིག་གི་སློབ་མ་49ཡོངས་རྫོགས་ལོ་དེའི་སྒྱུ་རྩལ་གྱི་རྒྱུགས་འཕྲོད་པ་དང་། མཐོ་རྒྱུགས་བཏང་རྗེས་འབྲེལ་ཡོད་དགེ་རྒན་གྱི་ཆེད་ལས་ལ་ལོན་ནས་དེ་སྔ་ཁོ་ཚོའི་རྨི་ལམ་ལའང་རྨིས་མ་མྱོང་བའི་སློབ་གྲྭར་རྒྱུགས་བདེ་བླག་ཏུ་འཕྲོད་ནས། སློབ་རྒྱུགས་ལོན་ཚད་སློབ་གྲྭ་དེའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དེ་ནི་རྒན་པད་མ་ཚེ་རིང་གིས་སློབ་ཁྲིད་གནང་བའི་མི་རིགས་རོལ་དབྱངས་དང་ཞབས་བྲོའི་ཆེད་ལས་ཀྱི་འཛིན་གྲྭ་དང་པོ་དེ་རེད།
“ད་ཆ་ངའི་སློབ་མ་ཚོའི་ཁྱད་ཆོས་ཆེ་ཤོས་ཤིག་ནི་སེམས་ཁམས་ཡངས་པོ་ཡོད། ཁོང་ཚོས་དོན་མེད་དུ་རང་གནོང་རང་འགྱོད་ཀྱིས་བློ་ཕམ་ཡིད་ཆད་བྱས་ནས་མི་སྡོད་ལ། དེ་བས་དཀའ་ངལ་ལ་མགོ་བོ་མི་སྒུར་བར་བློ་ཁོག་ཆེན་པོས་དཀའ་ངལ་ལ་གདོང་གཏུག་ཐུབ་ལ། ཉམས་དང་ལྡན་པའི་སྒོ་ནས་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱེད། དེ་ནི་སྤྲོ་སྣང་སློབ་གསོར་ཐོབ་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པར་ངས་ངོས་འཛིན་གྱི་ཡོད”ཅེས་པད་མ་ཚེ་རིང་གིས་ཞལ་ཤོབ་དང་སྦྲགས་ནས་གསུངས།
⒊ གསར་གཏོད་བསམ་བློར་བརྟེན་ནས། སྒྲ་སྙན་བརྒྱུད་དེ་སྤྲོ་སྣང་སློབ་གསོ་ཁྱབ་གདལ་བཏང་།
2026ལོའི་ཟླ་1ཚེས་8ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་ལྕགས་རོང་སྡེ་ཁུལ་དུ་གནས་པའི་བོད་ལྗོངས་མེས་པོའི་ཞབས་རྗེས་སྒྱུ་རྩལ་ཟབ་སྦྱོང་སློབ་གྲྭར་སློབ་མ་མང་པོ་འདུས་ཤིང་། པད་མ་ཚེ་རིང་གིས་སློབ་མ་བཅུ་གྲངས་ཤིག་ལ་སྒྲ་སྙན་སྐོར་གྱི་རོལ་དབྱངས་སློབ་ཁྲིད་གནང་བཞིན་མཆིས། ཁོང་གི་བསྟན་བཤིག་ཚ་བའི་འཆད་ཁྲིད་དང་། སློབ་མ་དང་སྤེལ་རེས་རྣམ་པའི་སྒྲ་སྙན་དཀྲོལ་གཏོང་འཁྲུག་ཆ་དོད་པོར་སློབ་མ་ཚོའི་དགའ་བསུ་ཚད་མེད་ཐོབ་སྟེ་དགོད་སྒྲས་ཁེངས་ཀྱི་ཡོད།
“རོལ་དབྱངས་སྦྱོང་དུས་ངོ་གདོང་གློད་ནས་སྦྱོང་རྒྱུ་མེད་པར། དགའ་བཞིན་སྤྲོ་བཞིན་དུ་སྦྱོང་དགོས” བཀའ་མོལ་ཚིག་འདི་ནི་རྒན་པད་མ་ཚེ་རིང་ལགས་ཀྱི་སློབ་གསོའི་ལྟ་བ་རེད། ཁོང་གི་སྤྲོ་སྣང་སློབ་གསོའི་ཐབས་ལམ་གྱི་སྤྲོ་སྣང་རང་དགར་འཕེལ་གྱི་ཡོད་པ་དང་། ཁོང་གིས་སློབ་གྲྭར་རོལ་དབྱངས་སློབ་ཚན་འཁྲིད་སྐབས་སུ་འཕྲལ་འཕྲལ་དུ་གླུ་ལེན་གར་འཁྲབ་གནང་གི་ཡོད།
ཆུང་དུས་རང་ཉིད་ལ་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ངག་རྒྱུན་ནས་སློབ་པའི་རྣམ་པ་ལས་བློ་སྐྱེད་ཆེན་པོ་བྱུང་བ་དང་། ཕྱིས་སུ་ཚད་ལྡན་གྱི་བརྒྱུད་རིམ་ལྡན་པའི་སློབ་གསོ་མྱོང་སྐལ་བྱུང་ཞེས་པད་མ་ཚེ་རིང་གིས་གསུངས། ཁོང་གིས་རང་ཉིད་ཀྱི་རྒྱུན་གཏན་གྱི་སློབ་ཁྲིད་དོན་གཉེར་ཁྲོད་སྒྲ་སྙན་གྱི་སློབ་ཁྲིད་ཚད་ལྡན་དུ་གཏོང་ཐུབ་རེ་བྱེད་ལ། ཁོང་གིས་རང་ཉིད་ནས་ཕྱིས་འབྱུང་གི་བསླབ་གཞི་དང་ཡིག་རྒྱུགས་ལ་སྨན་པའི་སྒྲ་སྙན་གྱི་རོལ་དབྱངས་ཕྱོགས་སྒྲིག་དང་། དེ་བཞིན་ལྷ་རྩེ་དང་། ངམ་རིང་། དིང་རིའི་ཁྱད་ཆོས་ལྡན་པའི་རོལ་དབྱངས་ཕྱོགས་སྒྲིག་གནང་རྒྱུའི་ཐུགས་རེ་འཆང་བཞིན་ཡོད།
ད་ཆ། རྒན་པད་མ་ཚེ་རིང་ལགས་སྔར་མུས་བཞིན་འཆད་སྟེགས་ཐོག་བཞེངས་ཏེ། གང་གི་ཐུན་མིན་གྱི་སློབ་ཁྲིད་ཐབས་ལམ་ལ་བརྟེན་ནས་སློབ་མ་མང་པོ་གསོ་སྐྱོང་བྱེད་བཞིན་ཡོད་ལ། ཁོང་གིས་བོད་རིགས་ཀྱི་སྒྲ་སྙན་རོལ་དབྱངས་འདི་ཉིད་སྔར་སྲོལ་མི་ཉམས་རྒྱུན་འཛིན་ལེགས་པར་བྱེད་པའི་རྨང་གཞིའི་ཐོག ཁྱབ་ཁོངས་དེ་བས་ཆེ་སར་ཁྱབ་སྤེལ་ཇི་ལྟར་གཏོང་བར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབད་བརྩོན་གནང་ཐབས་ཐད་རྒྱུན་དུ་ཐུགས་བསམ་བཞེས་བཞིན་ཡོད། དེའི་ཐད། ཁོང་གིས་རང་ཉིད་ཀྱི་ཚེ་གང་གི་སེམས་ནུས་ཡོད་ཚད་སྤྱད་དེ། མི་རིགས་ཀྱི་རོལ་ཆ་འདི་ཉིད་འཛམ་གླིང་གི་ཐ་གྲུ་ཀུན་ལ་ཁྱབ་སྤེལ་གཏོང་བའི་ཆོད་སེམས་བརྟན་པོ་འཆང་བཞིན་འདུག
འབྲེལ་ཡོད་གསར་འགྱུར།