དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བོད་ཀྱི་མི་རིགས་ཁག་གིས་རྒྱལ་ཡོངས་མི་རིགས་ཁག་དང་མཉམ་དུ་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་བཏོད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    རང་རྒྱལ་གྱི་མི་རིགས་ཁག་གིས་ཐུན་མོང་ཐོག་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་བཏོད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2024ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་བཏོན་གནང་བའི“ཐུན་མོང་ལྔ”སྟེ། མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་མངའ་ཁོངས་ཆེན་པོ་གསར་འབྱེད་དང་། ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གསར་འཛུགས། ཐུན་མོང་ཐོག་གཟི་བརྗིད་ལྡན་པའི་ཀྲུང་གོའི་ལོ་རྒྱུས་རྩོམ་པ། ཐུན་མོང་ཐོག་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད། ཐུན་མོང་ཐོག་མི་རིགས་ཀྱི་སྙིང་སྟོབས་རླབས་ཆེན་སྐྱེད་སྲིང་བཅས་ཀྱི་ནང་གསེས་ཤིག་ཡིན། བོད་ལྗོངས་ལ་མཚོན་ན་ཡང“ཐུན་མོང་ལྔ”ནི་ལྐོག་གྱུར་ཞིག་མ་ཡིན་པར་དེ་ནི་མཚོ་བོད་མཐོ་སྒང་དུ་རྩ་བ་ཚུགས་ཤིང་ཡལ་འདབ་ལྷུག་པོར་རྒྱས་ཡོད་པ་ནི་ལོ་རྒྱུས་ཡིག་ཚང་དང་ཤུལ་བཞག་རིག་དངོས། ལོ་རྒྱུས་སྙན་རྩོམ་སོགས་ཀྱི་ཁྲོད་དུ་གསལ་པོར་མངོན་ཐུབ། གཤམ་དུ་བོད་ཀྱི་མི་རིགས་ཁག་གིས་རྒྱལ་ཡོངས་མི་རིགས་ཁག་དང་མཉམ་དུ་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་བཏོད་པའི་སྐོར་ཅུང་ཙམ་གླེང་བ་ཡིན།

    གཅིག གནའ་སྔ་མོ་ནས་རིག་གནས་འབྲེལ་འདྲིས་ཀྱི་རྨང་གཞི་བརྟན་པོ་བཏིང་བ།

    ཆབ་མདོ་ཁ་རུབ་གནའ་ཤུལ་ནས་ཐོན་པའི་ཚོན་ལྡན་རྫ་ཆས་དང་ཁྲེ་འབྲས་སོགས་ལས་གནའ་ཤུལ་འདི་དག་དང་རྨ་ཆུའི་སྟོད་རྒྱུད་ཀྱི་མ་ཅ་ཡོའོ་རིག་གནས་དབར་དུ་འབྲེལ་བ་དམ་པོ་ཡོད་པ་ར་སྤྲོད་ཐུབ་ལ། མངའ་རིས་གུ་རུ་གྱམ་བང་སོ་ནས་ཐོན་པའི་ཧན་རྒྱལ་རབས་ཀྱི་རྒྱལ་བློན་འཚེམ་དྲུབ་ཡིག་བཀོད་མ་དང་ཇ་ལོ་སོགས་ཀྱིས་ཀྱང་གནའ་བོའི་དུས་སྐབས་སུ་མཚོ་བོད་མཐོ་སྒང་དང་མེས་རྒྱལ་ནང་སའི་བར་རིག་གནས་དང་ཚོང་ཟོག མི་སྣའི་འགྲོ་འོང་སོགས་གཏན་འཇགས་སུ་བྱུང་ཡོད་པ་ཤེས་ཐུབ། ཐང་རྒྱལ་རབས་སྐབས་སུ་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་བོད་དུ་ཕེབས་ཏེ་ཐང་བོད་བར་དུ“དབོན་ཞང་གི་འབྲེལ་བ”བཙུགས་པ་དང་་ཐང་བོད་དབར་གྱི་སྲིད་འབྱོར་རིག་གསུམ་ཕྱོགས་གང་ཅིའི་ཐད་ཀྱི་འགྲོ་འོང་དང་སྤེལ་རེས་སྔར་བས་ཟབ་ཏུ་ཕྱིན་ཡོད། ལྷག་ཏུ་འུན་ཤིང་ཀོང་ཇོས་ནང་སའི་གསོ་རིགས་དང་སྐར་རྩིས། ལག་ཤེས་བཟོ་ལས་སོགས་བོད་དུ་ཁྱེར་ཡོང་ནས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་གོང་འཕེལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ལོ་ངོ་ཉིས་བརྒྱ་ལྷག་གི་རིང་དུ་ཐང་བོད་དབར་ཕོ་ཉའི་འགྲོ་འོང་དང་ཚོང་དོན་འགྲོ་འོང་རྒྱུན་ཆད་མེད་ལ། མཚོ་བོད་ས་མཐོ་ནས་མེས་རྒྱལ་ནང་སར་བསྲིངས་པའི་ཐང་བོད་གནའ་ལམ་མང་པོའང་རིམ་པར་དར་རྒྱས་བྱུང་། དེ་དང་བསྟུན་ནས་བོད་ཀྱི་སློབ་བུ་མང་པོ་ལེ་དབར་སྟོང་ཕྲག་བརྒལ་བའི་མེས་རྒྱལ་ནང་སར་བསྐྱོད་དེ་སྔོན་ཐོན་གྱི་རིག་གནས་ལ་སྦྱངས་པ་བྱས་ཤིང་། བོད་ཀྱི་རྟ་ཐོག་སྤོ་ལོ་གཙོར་བྱས་པའི་ལུས་རྩལ་དང་མཁུར་ཚོས་ལ་དམར་བྱུག་པའི་ཡུལ་སྲོལ་སོགས་ཡང་ཐང་རྒྱལ་རབས་སུ་དར། འཛུགས་སྐྲུན་གྱི་ཆ་ནས་ཀྱང་བོད་ལྗོངས་དང་མེས་རྒྱལ་ནང་སའི་དབར་དུ་འབྲེལ་འདྲིས་རྒྱ་ཁྱབ་བྱུང་ཡོད་དེ། དཔེར་ན་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་། བསམ་ཡས་དགོན་སོགས་པའི་ནང་གི་རྟེན་དང་ཕྱི་ཡི་བཀོད་པ་གང་གི་ཆ་ནས་ཀྱང་རིག་གནས་འབྲེལ་འདྲིས་ཀྱི་ཁྱད་ཆོས་ལྷག་པར་གསལ། དེ་མཚུངས་སུ་དེང་གི་ཏུན་ཧོང་ཡུལ་གྱི་ཡུས་ལིན་བྲག་ཕུག་25པའི་ལྡེབས་རིས་སུ་བོད་ཡིག་གི་ཁ་བྱང་བྲིས་པ་མ་ཟད། ཐང་བོད་སོ་སོའི་རྒྱན་གོས་ལེགས་པར་སྤྲས་ནས་གཉེན་སྒྲིག་གི་རྣམ་པའང་ཞིབ་འབྲི་བྱས་ཡོད། འདི་དག་ཡོད་ཚད་ནི་གནའ་བོའི་དུས་ནས་བཟུང་བོད་ལྗོངས་དང་མེས་རྒྱལ་ནང་སའི་དབར་སྤེལ་རེས་དང་འབྲེལ་འདྲིས་ཟབ་མོ་བྱུང་བའི་བདེན་དཔང་རེད་ལ། བོད་འདི་ཉིད་གནའ་་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ཡང་བདེན་དཔང་གང་ལེགས་བྱས་པ་ཡང་རེད།

    གཉིས། སྲིད་དབང་གཅིག་གྱུར་ཁྲོད་མི་རིགས་ཁག་གི་རིག་གནས་མཉམ་འདྲེས་རྒྱ་ཁྱབ་བྱུང་བ།

    ཡོན་རྒྱལ་རབས་སྐབས་ནས་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་བོད་ལ་སྲིད་འཛིན་བདག་སྐྱོང་མཛད་ཅིང་། ས་མི་དུད་རྩིས་ཐེངས་མང་བྱས་རྗེས་ཧོར་དུད་བརྩི་སྟངས་ལྟར་བོད་ལྗོངས་སུ་ཁྲི་སྐོར་གྱི་སྒྲིག་གཞི་བཙུགས། མ་ཟད་གཞུང་ཕྱོགས་ནས་འཇའ་མོ་མང་པོ་བཀོད་སྒྲིག་གིས་བོད་ས་གནས་དང་ནང་སའི་འབྲེལ་ལམ་སྔར་བར་ཡངས་སུ་བཏང་། ད་དུང་གོང་མའི་བཀའ་བཞིན་འགྲོ་མགོན་འཕགས་པས་ཧོར་ཡིག་གསར་མར་གྲགས་པའི་ཡི་གེ་ཡང་བཟོས། མིང་རྒྱལ་རབས་སྐབས་སུ་ཇ་རྟའི་ཚོང་ལམ་ཆེས་ཆེར་དར་ནས་མེས་རྒྱལ་ནང་སའི་ཇ་ལོ་དང་དར་གོས། རྫ་ཆས། ལག་ཤེས་བཟོས་རྗེས་སོགས་རྒྱུན་ཆད་མེད་པར་བོད་ལ་དྲངས་པ་དང་། བོད་ལྗོངས་ཀྱི་རྟ་དང་སྨན་རྫས། ཚྭ་སོགས་ཀྱང་ནང་སར་བཙོངས་ནས་དངོས་ཟོག་བརྗེ་ཚོང་རྒྱ་ཁྱབ་བྱུང་། ལྷག་པར་ཏུ་གོང་མ་ཡུང་ལེའི་སྐབས་སུ་ནན་ཅིང་དུ་བོད་ཡིག《བཀའ་འགྱུར》པར་བཏབ་པ་དང་། ནང་སའི་པར་འདེབས་ལག་རྩལ་རིམ་བཞིན་བོད་དུ་དར་ནས་བོད་ས་གནས་ཀྱི་སྲིད་འབྱོར་རིག་གསུམ་གང་ཅིའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས། ཆིན་རྒྱལ་རབས་སྐབས་སུ་བོད་སྡོད་ཨམ་བན་གྱི་ལམ་ལུགས་གཏན་འཁེལ་དང་སྲུང་དམག་བཅའ་སྡོད་ཀྱིས་བོད་ས་གནས་ལ་སྔར་བས་བདག་སྐྱོང་གནང་སྟེ། བོད་ས་གནས་དང་མེས་རྒྱལ་ནང་སའི་མཉམ་འདྲེས་ཀྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་སོགས། ཡོན་རྒྱལ་རབས་ནས་བཟུང་སྟེ་བོད་འདི་ཉིད་གཅིག་གྱུར་གྱི་ཀྲུང་དབྱང་སྲིད་དབང་གི་བདག་སྐྱོང་འོག་གནས་པ་དང་། གཅིག་གྱུར་གྱི་སྲིད་དབང་འོག་ཏུ་མི་རིགས་ཁག་དབར་གྱི་རིག་གནས་འབྲེལ་འདྲིས་སྔར་བས་ཟབ་ཏུ་ཕྱིན་སྟེ། འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་གྲུབ་པ་ཡིན།

    གསུམ། ཐུན་མོང་ཐོག་འོད་སྟོང་འབར་བའི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བ།

    ཀྲུང་ཧྭ་མི་རིགས་ནི་སྣ་མང་གཞི་གཅིག་གི་ལས་དབང་གཅིག་འདུས་གྲུབ་ཅིག་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་བོད་ཀྱི་མི་རིགས་ཁག་ཚུད་པའི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཡོངས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཐུན་མོང་ཐོག་གསར་གཏོད་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་བརྟེན་ནས་་བྱུང་བ་ཡིན། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན། མི་རིགས་ཁག་གི་རིག་གནས་ལས་དོན་པ་འབོར་ཆེན་བོད་དུ་བསྐྱོད་དེ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་དར་རྒྱས། སློབ་གསོ་གོང་འཕེལ་སོགས་ཀྱི་བྱ་གཞག་ལ་ཞུགས་ནས། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་ཤིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་གེ་སེར་སྒྲུང་དང་། ལྷ་མོ་ཟློས་གར། བོད་ལུགས་གསོ་རིག་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་དང་མྱུར་སྐྱོབ། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བཏང་སྟེ་ཀྲུང་ཧྭའི་རིག་གནས་བང་མཛོད་སྔར་བར་ཕུན་སུམ་ཚོགས་སུ་བཏང་ཡོད། ལྷག་པར་དུ་དུས་རབས་གསར་པའི་ནང་ཀྲུང་དབྱང་དང་བོད་ས་གནས་ནོར་སྲིད་ཀྱིས་ཆེད་དོན་མ་དངུལ་འབོར་ཆེན་བཏང་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་སྲུང་སྐྱོང་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱས་པས། བོད་དུ་ད་ཆ་རིམ་པ་ཁག་དང་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་གྲངས་འབོར་ཡང་མང་ནས་མང་དུ་འཕེལ་བཞིན་ཡོད་པ་རེད།

    མདོར་ན། ཀྲུང་ཧྭའི་རིག་གནས་ནི་མི་རིགས་བྱེ་བྲག་ཅིག་གི་རིག་གནས་ཙམ་མ་ཡིན་པར། ཀྲུང་ཧྭའི་ས་གཞི་འདིར་གཞིས་ཆགས་པའི་གནའ་དེང་གི་མི་རིགས་ཁག་གི་མི་དམངས་ཡོངས་ཀྱིས་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་དུ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལག་ལེན་ཁྲོད་ཐུན་མོང་ཐོག་བཏོད་ཅིང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་བང་མཛོད་ཆེན་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ཡང་བོད་ས་གནས་དང་མེས་རྒྱལ་ནང་སའི་དབར་དུ་གནའ་སྔ་མོ་བཟུང་འགྲོ་འོང་དང་སྤེལ་རེས་རྒྱ་ཁྱབ་བྱུང་བའི་ལག་ལེན་གཞིར་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དང་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན། མཛའ་མཐུན་འགྲོ་འོང་སོགས་ལས་གྲུབ་པ་ཞིག་ཡིན།

    (བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ཚེ་རིང་ལྷ་མཚོ། རྩོམ་འདི་ནི་བོད་ལྗོངས་ཏང་སློབ་སྲིད་འཛིན་སློབ་གླིང་གི་ཞིབ་འཇུག་རྣམ་གྲངས་ཏེ“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་མཐོང་རྒྱ་ལས་བོད་ས་གནས་དང་མེས་རྒྱལ་བར་གྱི་ལོ་རྒྱུས་འབྲེལ་བར་དཔྱད་པ”ཞེས་པའི་དཔྱད་འབྲས་ཡིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།