རྒྱལ་ཁབ་རིམ་པའི་འཆད་སྟེགས་སུ་ས་མཐོའི་རྟ་རྒྱུག་བྱེད་སྒོའི་ཉམས་མྱོང་གླེང་བ།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི“རྟ་རྒྱུག་དང་ཤེས་དཔལ”ཟུང་འབྲེལ་གྱི་ཉམས་མྱོང་གཟེངས་སུ་ཐོན་པ།
ཟླ་5པའི་ཧོང་ཧའེ་རྒྱ་མཚོའི་རྦ་རླབས་དྲག་ཏུ་འཕྱུར་བ་དང་མཚོ་རླུང་ལྡང་ཞིང་། རྒྱལ་ཡོངས་ཀྱི་ཤེས་དཔལ་ལག་ལེན་ལས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཧྲན་ཏུང་ཝུའེ་ཧའེ་རུ་འཚོགས་ཏེ་འཆད་སྟེགས་ཐོག་གངས་ལྗོངས་ས་མཐོའི་གསོན་ཉམས་ལྡན་པའི་ལག་ལེན་འཆད་ཁྲིད་བྱས་པ་རེད། 《གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་གྱིས་ས་མཐོའི“ཤེས་དཔལ་ས་བབ”ཀྱི་ཚད་ཤིང་གསར་པ་བཏོད། བོད་ལྗོངས་གསེར་རྙེད་ཆུས་ཀྱིས“ཟླ་རེའི་རྟ་རྒྱུག་འགྲན་བསྡུར་དང་ཤེས་དཔལ་ལག་ལེན”ལ་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དེ་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་བའི》དཔེ་མཚོན་ཉམས་མྱོང་རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པ་ཚོར་མཉམ་སྤྱོད་བྱས་པ་རེད།
དེ་སྔའི་རྟ་རྒྱུག་འགྲན་བསྡུར་མང་ཆེ་བ་ལོ་ལྟར་གྱི་ཟླ་8པར་གཅིག་སྡུད་བྱས་པས“ལོ་གཅིག་དུས་གཅིག་དང་། དུས་ཚོད་གཅིག་སྡུད། ནུས་པ་རྐྱང་པ”བཅས་ཀྱི་གནད་དོན་ཡོད་པས་ཤེས་དཔལ་ལག་ལེན་དེ་རྒྱུན་རྣམ་ཅན་དང་། ཁྱོན་ཡོངས་ལ་ཁྱབ་པ། མཐར་ཕྱིན་པ་བཅས་ཁག་པོ་ཡོད། 2024ལོ་ནས་བཟུང་གསེར་རྙེད་ཆུས་ཀྱིས“ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་། ཟླ་རེའི་རྟ་རྒྱུག ཁྱབ་ཁོངས་ཡོངས་ལ་མཐུན་རྐྱེན་སྦྱོར་བ། མང་ཚོགས་ཞུགས་པ”བཅས་ཀྱི་ཤེས་དཔལ་ལག་ལེན་བྱེད་སྟངས་གསར་པ་བཏོད་ནས་ལོ་ངོ་སྟོང་རིང་རྒྱུན་མཐུད་པའི་རྟ་རྒྱུག་རིག་གནས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་མཉམ་འདྲེས་གཏིང་ཟབ་བྱས་ཏེ་སྲིད་འཛིན་གྲོང་ཚོ་146དང་དེ་བཞིན་མཐའ་འཁོར་གྱི་རྫོང་དང་ཆུས་ལ་ཁྱབ་ཡོད་པ་རེད། རྟ་རྒྱུག་ཐང་དེའང་ས་མཐོའི་ཐོག་གི་འཚོ་བའི་ཉམས་སྣང་ཆེ་ཤོས་དང་མི་སེམས་སུ་ཟུག་ཤོས་ཀྱི་ཤེས་དཔལ་ལག་ལེན་གྱི་གཡུལ་སར་གྱུར་ཡོད།
“ཤེས་དཔལ་ལག་ལེན་དེ་མང་ཚོགས་ཀྱིས་དགའ་ཤོས་བྱེད་པའི་རྣམ་པ་ཞིག་ཏུ་འགྱུར་བ་བྱེད་པ་དང་རིན་ཐང་གི་སྣེ་ཁྲིད་དེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་བྱེད་དགོས”ཞེས་གསེར་རྙེད་ཆུས་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་མ་ཧྲེ་ཀེ་ཡིས་གསེར་རྙེད་ཀྱིས་འཚོལ་ཞིབ་བྱས་པའི་གཏན་ཚིགས་གཙོ་བོ་བཤད་པ་རེད།
ད་ཆ་གསེར་རྙེད་ཆུས་ཀྱི་རྟ་རྒྱུག་བྱེད་སྒོར་ཞུགས་སྐབས་རྟའི་རྨིག་སྒྲ་ལས་བརྒྱུད་སྤྲོད་བྱེད་པ་ནི་མྱུར་ཚད་དང་སྤྲོ་སེམས་ཙམ་མ་ཟད། རྟ་རྒྱུག་ཐང་ནི་ཤེས་དཔལ་ལག་ལེན་ཐང་ཆེན་དང་། རྟ་ཐོག་ནི་སྒུལ་བདེའི་སྒྲོག་འགྲེལ་སློབ་ཁང་། རྟ་པ་ནི་ཤེས་དཔལ་ཁྱབ་སྤེལ་གྱི་ཕོ་ཉ། ལྟད་མོ་བ་ནི་ལག་ལེན་བྱ་ཡུལ་གཙོ་བོ་བཅས་ཡིན་པ་ཤེས་ཐུབ།
“རྟ་ཐོག་གི་སྒྲོག་འགྲེལ་ལས་སྟེགས”ཀྱིས་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཆུང་ངུ་དང་སྦྲ་གུར་ནང་གི་སྲིད་ཇུས་སློབ་ཚན་སྤྱད་དེ་ཏང་གི་དམངས་ཕན་སྲིད་ཇུས་འབྲོག་པར་ཤོད་པ་དང་ས་གནས་ས་ཐོག་ཏུ་དམངས་ཕན་ཞབས་ཞུ་སྒྲུབ་རོགས་དང་ཚབ་སྒྲུབ་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ཡོད།
འགྲན་རའི་ཕྱི་ནང་དུ“སྐལ་བཟང་མེ་ཏོག”རྟ་ཐོག་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་300ལྷག་ཙམ་ཕར་འགྲོ་ཚུར་འོང་བྱས་ནས་རིམ་རྩིས་བརྒྱབ་ན་ཆུ་ཚོད་8000ལྷག་ཙམ་རིང་ཞབས་འདེགས་ཞུས་ཏེ་ཡ་རབས་ངང་འགྲན་བསྡུར་ལ་ལྟ་བ་དང་གད་སྙིགས་རིགས་དབྱེ་ཁྱབ་གདལ་གཏོང་བར་ཁྲིད་སྟོན་བྱས་པ་རེད། འགྱུར་ལྡོག་དེ་བས་ཆེ་བ་ཞིག་ནི་བྱ་དགའ་ཐོབ་པའི་རྟ་པ་དེ“གོམས་སྲོལ་བསྒྱུར་བའི་གཟུགས་བརྙན་ཕོ་ཉར”གདན་ཞུ་བྱས་པ་དང་། ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པས་སྣེ་ཁྲིད་དེ་ཁྱིམ་དོན་སྟབས་བདེ་སྒྲུབ་པ། “ཁ་དན་ཚིག་གནས་ཀྱི་གསེར་རྙེད”ཀྱི་སྐར་གསོག་ལམ་ལུགས་ལས་ཤེས་དཔལ་གྱི་བྱ་སྤྱོད་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་བཅས་བྱུང་བ་རེད། རྒྱུན་དུ་བསྙེན་བཀུར་ཞབས་ཏོག་ཡག་པོ་སྒྲུབ་པ་དང་གྲོངས་རྗེས་རྗེས་འཇུག་སྟབས་བདེ་བྱེད་པ། གཉེན་སྒྲིག་བྱེད་སྒོ་སྟབས་བདེ་རུ་གཏོང་བ། འགྲན་བསྡུར་མི་བྱེད་པ་དང་ཆུད་ཟོས་མི་གཏོང་བ་བཅས་དར་སྤེལ་གཏོང་བ་ནས་རིམ་བཞིན་འབྲོག་པའི་རང་རྟོགས་སུ་གྱུར་ཡོད།
“རྟ་རྒྱུག་འགྲན་བསྡུར་གྱི་ཁྲིམས་སྐྱོང་ཁུལ”དང་། “ལད་མོའི་ཁྲིམས་ར་འགྲན་རར་འཛུགས་པ”“རྟ་ཐོག་འདུམ་འགྲིག་པ”ལ་སོགས་ཡུལ་སྲོལ་དང་འདྲེས་པའི་གསར་གཏོད་རེ་རེ་བཞིན་གྱིས་ཁྲིམས་སྐྱོང་གི་འདུ་ཤེས་དེ་རྟའི་རྨིག་སྒྲ་དང་བསྟུན་ནས་རྩྭ་ཐང་དུ་རྩ་བ་ཚུགས་ཐུབ་པ་བྱུང་ཡོད། རྩྭ་རའི་རྩོད་གཞི་དང་ཁྱིམ་མཚེས་བར་གྱི་འགལ་བ་ཁག་86ས་གནས་ས་ཐོག་ཏུ་ཐག་གཅོད་བྱས་ནས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་གནད་དོན་འཕྲད་ཚེ་ཁྲིམས་ལ་བརྟེན་པ་དེ་འབྲོག་ཁུལ་མང་ཚོགས་ཀྱི་གོམས་འདྲིས་བྱ་སྤྱོད་ལ་གྱུར་ཡོད།
མི་སེམས་གཅིག་བསྒྲིལ་ཐུབ་པ་དང་མི་སེར་ཕྱུག་པོར་གྱུར་བ་དེ་ནི་རྟ་རྒྱུག་ཐང་གི་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཤིག་རེད། ཤེས་དཔལ་ལག་ལེན་ཁང(ས་ཚིགས)གིས་སྤྱི་འདོམས་ཁྲིད་སྟོན་དང་། དང་བླངས་པའི་སྙིང་ཉེ་བའི་ཞབས་ཞུ། ཡིད་རྟོན་གཉེར་སྐྱོང་དར་སྤེལ། ཤེས་དཔལ་ཁོར་ཡུག་བཏོད་པ་བཅས་བརྒྱུད་རིག་གནས་ཡུལ་སྐོར་འཛད་སྤྱོད་བྱེད་ཤུགས་ཆེ་རུ་དང་། རྟའི་ཐོན་ལས་ཀྱི་རིན་ཐང་འཕར་བ། ཁྱད་ལྡན་ཐོན་རྫས་ཐོན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་བཅས་རེད། འཆར་ཅན་རྟ་རྒྱུག་དུས་ཆེན་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་སླེབས་ནས་འཛད་སྤྱོད་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་པར་སྐུལ་ཁྲིད་བྱས་པ་དང་། ཟླ་རེའི་རྟ་རྒྱུག་འགྲན་བསྡུར་རིང་འཛད་སྤྱོད་བྱེད་ཚད་སྒོར་ཁྲི་1000ལྷག་ཙམ་ཟིན་པ། སྤུས་ལེགས་རྒྱུག་མའི་རིན་གོང་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་པ་དང་རྟ་ཉོ་ཚོང་གི་དངུལ་འབོར་སྒོར་ཁྲི་5000ལྷག་ཙམ་ཟིན་པ། “རྟ་ཐོག་ཐད་གཏོང་ཟོག་ཚོང”གི་ཐེངས་གཅིག་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་10ལྷག་ཙམ་ཟིན་པ། འགྲན་བསྡུར་ཞབས་ཞུ་དང་། རིག་གནས་ཡུལ་སྐོར་གཉེར་སྐྱོང་། རྟ་འདུལ་གསོ་སོགས་ཀྱི་ལས་གནས་ལས་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ་བཅས་རེད།
འབྲེལ་ཡོད་གསར་འགྱུར།