དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་གསར་འགྱུར་ལོ་ཙཱ་ལས་འཕྲུལ་ཆས་ཡིག་སྒྱུར་གྱི་དགེ་སྐྱོན་སྐོར་ལ་ཅུང་ཟད་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    དང་པོ། རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་ཁྱད་ཆོས་དང་ལག་རྩལ་གྱི་གཞི་འཛིན་ས།

    1. སྒྲ་སྦྱོར་དང་སྒྲ་གཟུགས་ཀྱི་ཡིག་རིགས་མི་འདྲ་བ་གཉིས་ཀྱི་སྐད་ཡིག་ལ་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། འཕྲུལ་ཆས་ཙམ་མ་ཟད་ལོ་ཙཱ་བ་ཞིག་ཡིན་ཕྱིན་མ་མཐར་ཡང་སྐད་ཡིག་གཉིས་ལ་བྱང་ཆ་ལྡན་དགོས་པ་མ་ཟད། དེ་བས་བོད་ཀྱི་བརྡ་སྤྲོད་གཞུང་ལ་སྦྱངས་པ་མི་དམན་པ་དང་བོད་ཀྱི་སྐད་བརྡའི་འགྲོ་ལུགས་ཐད་ལ་རྒྱུས་མངའ་ངེས་ཅན་ཡོད་དགོས། འོན་ཀྱང་། འཕྲུལ་ཆས་ཡིག་སྒྱུར་ནང་མ་ཡིག་ལ་བསྟུན་དྲགས་པ་དང་བོད་ཡིག་གི་ཚིག་འགྲོས་དང་མི་མཐུན་པ། སྡེབ་སྦྱོར་དང་གོ་རིམ་ལྡོག་པ་བཅས་ཀྱི་གནད་དོན་མི་ཉུང་བ་ཞིག་ཐོན་བཞིན་ཡོད།

    2. གསར་འགྱུར་གྱི་སྐད་ཆ་ནི་གོ་བདེ་བ་དང་། གནད་ལ་འཁེལ་བ། དོན་དངོས་དང་མཐུན་པ་ཞིག་ཡིན་དགོས། སྐབས་དོན་གསར་འགྱུར་ནང་ཚད་ལྡན་ཐ་སྙད་མང་པོ་ཚུད་ཡོད་པ་དཔེར་ན། “སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང”དང“གྲོང་གསེབ་དར་རྒྱས”སོགས་ཡང་སྐོར་བསྐྱར་སྐོར་ཐོན་གྱི་ཡོད་པས་ལོ་ཙཱ་བྱེད་སྐབས་ངེས་པར་དུ་གཅིག་གྱུར་ཡོང་བར་བྱེད་དགོས།

    3. བོད་ཀྱི་སྐད་འགྲོས་དང་མཐུན་ཞིང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་དམངས་སྲོལ་གྱི་ཐ་སྙད་དང་ས་མིང་དཔེར་ན། “ཕོ་བྲང་པོ་ཏ་ལ”དང“ཞོ་སྟོན” “ར་ས” “སྐྱིད་ཤོད” “སྐར་མ་རྀ་ཥི”ལྟ་བུ་གལ་ཏེ་འཕྲུལ་ཆས་ཀྱི་ཡིག་སྒྱུར་མཉེན་ཆས་ལ་བསྟེན་དྲགས་ན། རིག་གནས་ཀྱི་ནང་དོན་མཚོན་རྒྱུ་ལྟ་ཅི། དེ་བས་ས་མིང་སོགས་གོ་འཛོལ་ཐེབས་པའི་ཉེན་ཁ་ཡོད།

    གཉིས་པ། འཕྲུལ་ཆས་ཡིག་སྒྱུར་གྱི་དགེ་མཚན།

    1. ལས་ཕྱོད་ལྡབ་འཕར་བྱུང་ནས་གསར་འགྱུར་དུས་ཐོག་ཏུ་སྤེལ་ཐུབ་པ། གསར་འགྱུར་གྱི་རིན་ཐང་གཙོ་བོ་ནི་གསར་པ་ཡིན། ལོ་ཙཱ་བ་ཞིག་གིས་ཡིག་འབྲུ་1000ཙམ་ཡོད་པའི་གསར་འགྱུར་ཞིག་སྒྱུར་བར་ཆ་སྙོམས་ཆུ་ཚོད་2ནས་3བར་འགོར་བ་མ་ཟད། ཉུང་མཐར་ཡང་ཞུ་དག་ཐེངས་གཉིས་གཏོང་དགོས་ཀྱི་ཡོད། འཕྲུལ་ཆས་ཡིག་སྒྱུར་ལ་མཚོན་ན་སྐར་ཆ་ཁ་ཤས་ལས་དགོས་ཀྱི་མེད། དེར་བརྟེན་འཕྲུལ་ཆས་གཅིག་གིས་ལོ་ཙཱ་བ་མང་པོའི་གོ་ཆོད་པ་དང་གསར་འགྱུར་གྱི་རིན་ཐང་ཡང་དེ་མུར་མངོན་ཐུབ།

    2. ཆེད་ལས་ལོ་ཙཱ་བ་ཁོ་ནར་བསྟེན་མི་དགོས་པ། ཆེད་ལས་ཡིག་སྒྱུར་ལོ་ཙཱ་བ་ཞིག་གསོ་སྐྱོང་བྱེད་པར་ཡུན་རིང་འགོར་གྱི་ཡོད། རྒྱལ་ནང་གི་སློབ་གྲྭ་ཆེ་ཁག་ཏུ་ལོ་ཙཱའི་འཛིན་གྲྭ་བཙུགས་ཡོད་ནའང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་ཏུ་ལོ་ཙཱ་བ་བསྡུ་བའི་ཁ་གྲངས་ཉུང་བ་དང་། ལོ་ཙཱའི་ཆེད་ལས་མང་པོ་ཞིག་སྲིད་དོན་ལས་བྱེད་པར་བསྡུ་བའམ་ཡང་ན་དགེ་རྒན་ལ་བསྡུ་བཞིན་ཡོད། ལོ་ཙཱ་བའི་གྲངས་ཚད་ཉུང་བའི་རྨང་གཞིའི་ཐོག་ལག་ལེན་གྱི་སྦྱོང་བརྡར་བྱེད་པར་ཡུན་རིང་འགོར་བས་ལོ་ཙཱའི་ལས་ཀ་དུས་ཐོག་ཏུ་སྒྲུབ་པའམ་ལས་ཕྱོད་ཆེ་རུ་གཏོང་བར་སྔར་བཞིན་དཀའ་ངལ་འཕྲད་ཀྱི་ཡོད།

    3. བརྡ་ཆད་གཅིག་གྱུར་དང་སྐད་ཆའི་ཉམས་འགྱུར་ཚད་ལྡན་ཡོང་བ། འཕྲུལ་ཆས་ཡིག་སྒྱུར་ནི་ཆེད་ལས་ཐ་སྙད་བང་མཛོད་གཞིར་བཟུང་སྒྱུར་བར་བརྟེན། ཐ་སྙད་གཅིག་གྱུར་ཡོང་བར་ཕན་ཐོགས་ཆེན་པོ་ཡོད། དཔེར་ན། མུ་འབྲེལ་གསར་འགྱུར་ནང“བོད་སྐྱོར་ལས་བྱེད་པ”དང“ས་མཐོར་མི་འཕྲོད་པ” “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”སོགས་ཀྱི་ཐ་སྙད་འཕྲུལ་ཆས་ལ་བརྟེན་ནས་ཡིག་སྒྱུར་བྱེད་སྐབས་རྒྱུན་མཐོང་གི་ཐ་སྙད་གཅིག་ལ་སྒྱུར་སྟངས་སྣ་ཚོགས་ཐོན་མི་སྲིད། གཞུང་ཡིག་སྒྱུར་སྐབས། འཕྲུལ་ཆས་ཡིག་སྒྱུར་དེ་ཆེད་ལས་མ་ཡིན་པའི་མིས་ཡིག་སྒྱུར་བྱས་པ་ལས་སྤུས་དག་པ་ཡོང་གི་ཡོད། གང་ལགས་ཤེ་ན་གཅིག་ནས་ཐ་སྙད་བང་མཛོད་ནང་བརྡ་ཆད་གང་ཡོད་པ་དེ་ཇི་མ་ཇི་བཞིན་བེད་སྤྱོད་ཐུབ་པ་དང་གཉིས་ནས་ཡིག་སྒྱུར་ནང་དོན་ལོ་ཙཱ་བས་བསྒྱུར་བ་ལྟར་གྱི་མགོ་མཇུག་མི་སྙོམས་པའི་གནས་ཚུལ་ཐོན་མི་སྲིད།

    གསུམ་པ། འཕྲུལ་ཆས་ཡིག་སྒྱུར་གྱི་ཞན་ཆ།

    1. བརྡ་སྤྲོད་ཀྱི་གཏན་ཚིགས་དང་སྐད་འགྲོས་དང་མི་མཐུན་པ། རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་གྱི་མི་འདང་བའི་ཆ་ཆེ་ཤོས་ནི་བོད་ཀྱི་སྐད་འགྲོས་ཇི་བཞིན་སྒྱུར་མ་ཐུབ་པ་དེ་རེད། བོད་ཡིག་གི་བྱ་བྱེད་ལས་གསུམ་གྱི་གོ་རིམ་རྒྱ་ཡིག་དང་མི་འདྲ་བ་དེ་འཕྲུལ་ཆས་ཀྱིས་ངོས་འཛིན་ཐུབ་ཀྱི་མེད། རྒྱ་ཡིག་ནང་ལས་ཀྱི་གོང་དུ་བྱ་ཚིག་སྦྱར་བ(主+谓+宾)དང་། བོད་ཡིག་ནང་ལས་ཀྱི་རྗེས་སུ་བྱ་ཚིག་སྦྱོར(主+宾+动)གྱི་ཡོད། དཔེར་ན། “记者采访当地群众”ལྟ་བུར་མཚོན་ན། འདིར་མ་ཡིག་གི་གོ་རིམ་ལྟར། “གསར་འགོད་པས་བཅར་འདྲི་ཡུལ་དེ་གའི་མང་ཚོགས”ཞེས་སུ་བསྒྱུར་ཚེ། བོད་ཡིག་ནང་གོ་རྒྱུ་གང་ཡང་མེད་པ་ཆགས་ཀྱི་ཡོད། ད་ལྟ་འཕྲུལ་ཆས་ཡིག་སྒྱུར་ལ་བོད་ཀྱི་སྐད་འགྲོས་དང་མཐུན་པའི་སྐད་ཡིག་གི་སྦྱོང་བརྡར་ཉུང་དྲགས་པ་དང་སྐད་མཛོད་ཆུང་དྲགས་པའི་དབང་གིས་དེའི་ཐད་ནོར་འཛོལ་ཤོར་སླ་པོ་ཡོད།

    2. རིག་གནས་ཀྱི་ནང་དོན་མི་རྟོགས་པ་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་མི་ལོན་པ། གསར་འགྱུར་ནང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ནང་དོན་འཕྲད་སྐབས། དེའི་ཐད་རྒྱུས་མངའ་མེད་པའམ་རྒྱབ་ལྗོངས་མི་ཤེས་པའི་རྐྱེན་གྱིས་ཐད་སྒྱུར་བྱེད་པའམ་ཡང་ན་གོ་བ་ལོག་ནས་སྒྱུར་བའི་གནད་དོན་ཐོན་གྱི་ཡོད།

    དཔེར་ན། “雪顿节”时期,群众在“罗布林卡的森林里,享受自然。ལྟ་བུར་མཚོན་ན། འཕྲུལ་ཆས་ཀྱིས། “ཞོ་སྟོན་དུས་ཆེན”ཞེས་དང་། “ནོར་བུ་གླིང་ཁའི་ནགས་ཚལ་དུ་རང་བྱུང་ཁམས་ལ་མྱོང་རོལ་བྱེད”ཅེས་སྒྱུར་གྱི་ཡོད། བོད་ཀྱི་ཞོ་སྟོན་དང“སྐར་མ་རྀ་ཥི”སོགས་རྒྱ་ཡིག་ལ་སྒྱུར་སྐབས་གོ་བ་ལོན་བདེ་བའི་ཆེད་དུ“节”ཞེས་སྣོན་སྒྱུར་བྱས་པ་དེ་འཕྲུལ་ཆས་ཀྱིས་དེ་ཐད་སྒྱུར་བྱེད་པ་དང་། ཐ་ན་ཞོ་སྟོན་ལ་གངས་དོན་དུས་ཚིགས་ཞེས་པར་སྒྱུར་བའང་ཡོད། དེར“རང་བྱུང་ཁམས་ལ་མྱོང་རོལ”ཞེས་བསྒྱུར་ཚེ་དེ་ནི་བོད་ཀྱི་སྐད་འགྲོས་དང་མི་མཐུན་པ་མ་ཟད་བོད་པ་ཞིག་གིས་ནོར་བུ་གླིང་ག་ཐོས་མ་ཐག་ནགས་ཚལ་དང་སྤང་ལྗོངས་ནེའུ་གསིང་ཡོད་པའི་ས་ཆ་ཞིག་རང་ཤུགས་སུ་ཡིད་ལ་འཁོར་ཐུབ་པས་དེར་འཕྲི་བསྒྱུར་བྱས་ན་ལེགས། དེས་ན་སྒྱུར་པ་པོའི་གོ་བ་ལེན་སྟངས་དང་སྒྱུར་གྱི་རྩལ་སྣ་ཚོགས་ལས་སྒྱུར་སྟངས་གནད་ལ་འཕིགས་མིན་སྣ་ཚོགས་ཡོད་མོད། སྐབས་དེའི་སྒྱུར་གྱི་ནང་དོན་གང་དེ་ཀློག་པ་པོར་བརྡ་འཕྲོད་པ་ཞིག་དགོས་པ་ལས་ཚིན་རྒྱན་སྦྱར་ནས་སྙན་པོ་བཟོ་རྒྱུ་དེ་མིན།

    3. སྔར་ཡོད་ཀྱི་མིང་བརྡ་ཇི་བཞིན་དུ་བཀོལ་མི་ཐུབ་པ། བོད་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་གྱིས་གཙོ་བོར་བྱས་པའི་ཡུལ་ལུང་སོ་སོའི་བར་ལ་དབྱངས་རེས་མོས་ཀྱིས་སྤྱོད་པ་དང་འདོགས་ཅན་དོར་བ། ཡང་འཇུག་གི་སྒྲ་མི་གསལ་བ་སོགས་དབང་གིས་ནང་དོན་གཅིག་ཡིན་རུང་སྒྲ་འདོན་སྟངས་ཐད་ཁྱད་པར་ཆེན་པོ་ཡོད། ལོ་ཙཱ་བ་ཞིག་གི་ངོས་ནས་བཤད་ན། གང་གི་ཡིག་སྒྱུར་དེ་མདོ་དབུས་ཁམས་གསུམ་གྱིས་གོ་བདེ་བའི་ཡིག་སྐད་གཙོ་བོར་བྱས་ཐོག གོ་བརྡ་འཕྲོད་བདེ་བ་དམིགས་ཡུལ་དུ་བྱས་ཏེ་གསར་འགྱུར་ཀློག་སྐབས་སྙན་སྒྲོན་པས་ཡུལ་ལུང་སོ་སོའི་ཁ་སྐད་དང་མཐུན་པར་སྙན་སྒྲོན་བྱས་ན་འགྲིག ལྷ་སའི་གསར་འགྱུར་ནང་སྦྲ་ནག་ཞོལ་སྲང་ལམ་ལ་ར་བཏགས་དོར་ནས་སྦ་ནག་ཞོལ་ཞེས་ཀློག་ན་འགྲིག་མོད། ཡིག་སྒྱུར་བས་ར་བཏགས་དོར་མི་རུང་། གསར་འགྱུར་ནང་དུ་ས་ཁམས་ཀྱི་མིང་དང་ཆོས་ལུགས་སྐོར་གྱི་ཐ་སྙད་མང་པོ་ཐོན་གྱི་ཡོད། དཔེར་ན“拉萨市达孜区雪乡”ལྟ་བུར་མཚོན་ན། འཕྲུལ་ཆས་ཀྱིས་གངས་ཤང་ཞེས་ཐད་སྒྱུར་བྱེད་པའམ་ཞོལ་ཤང་ཞེས་སྒྲ་སྒྱུར་བྱེད་པ་སྟེ། སྒྱུར་སྟངས་རིགས་མི་འདྲ་བ་གཉིས་ཡན་ཡོང་གི་ཡོད། དོན་དུ་དེ་ནི་བོད་རང་དུ་གནས་པའི་ས་ཆ་ཞིག་གི་མིང་ཡིན་པའི་ཆ་ནས་ཐོག་མ་ནས་དེར་གཏན་འཇགས་ཀྱི་མིང་ཞིག་ཡོད་སྟབས། ས་མིང་དེ་རིགས་གསར་དུ་སྒྱུར་མི་དགོས།

    བཞི་པ། ཐབས་ལམ་དང་ཐབས་ཇུས་ལེགས་སུ་གཏོང་དགོས།

    1. ཆེད་སྤྱོད་ཐ་སྙད་ཀྱི་སྐད་ཆའི་བང་མཛོད་བཟོ་བ། ལོ་ལྟར་སྤུས་ཚད་ལེགས་པའི་བོད་ཡིག་ཚགས་པར་དང་། དུས་དེབ། གསར་འགྱུར་གྱི་རྩོམ་ཡིག་བསྡུ་བ། ཆབ་སྲིད་ཀྱི་ཐ་སྙད་དང་རིག་གནས་ཀྱི་ཆེད་སྤྱོད་ཐ་སྙད་ལ་ཆེད་ལས་ཞུས་ཆེན་ལོ་ཙཱ་བས་མཆན་འགོད་དང་དོ་དམ་བྱེད་པ། མདོ་དབུས་ཁམས་གསུམ་གྱི་སྐད་འགྲོས་དང་མཐུན་པའི་ཡིག་ཆ་དང་གསར་འགྱུར་ནང་དོན་བསྡུ་རུབ་བྱས་ཏེ་ཡུལ་ལུང་སོ་སོའི་སྨྱན་སྦྱོར་ཚན་པས་ཡིག་སྐད་གཙོ་བོར་བྱས་ཐོག་གང་གི་ཡུལ་ལུང་བྱེ་བྲག་པའི་གསར་འགྱུར་སྤེལ་བའི་དགོས་མཁོ་དང་བསྟུན་མཁས་བྱེད་དགོས།

    2. མི་དང་འཕྲུལ་ཆས་ཟུང་དུ་འབྲེལ་ནས་ལས་ཀ་བྱེད་པ། འཕྲུལ་ཆས་ཡིག་སྒྱུར་ནི་ལོ་ཙཱའི་རམ་འདེགས་ཡོ་བྱད་ཡིན་པས་དེས་མིའི་ཚབ་བྱེད་མི་ཐུབ། མ་ཡིག་གི་གོ་བ་མ་འཁྲུལ་བ་དང་། འགྱུར་སྤུས་ཚད་ལྡན་ཡོང་བར་བྱེད་པ། ཐ་སྙད་གཅིག་གྱུར་ལ་ཤུགས་རྒྱག་པ། འཕྲུལ་ཆས་ལ་བརྟེན་ནས་དུས་ཐུང་ནང་ཡིག་སྒྱུར་བྱེད་པ། རྒྱ་བོད་ཡིག་སྒྱུར་བས་བརྡ་སྤྲོད་ཀྱི་གཏན་ཚིགས་དང་། རིག་གནས་ཀྱི་ནང་དོན། སྐད་འགྲོས་བཅས་ལ་དམིགས་ནས་ཚིག་རེ་རེ་བཞིན་དག་བཅོས་བྱེད་དགོས།

    བྱེད་ཐབས་དེས་ལས་ཕྱོད་འགན་ལེན་ཡོང་བ་དང་དུས་མཚུངས། ཡིག་སྒྱུར་གྱི་སྤུས་ཀ་གནད་ལ་འཁེལ་དུ་ཕྱིན་ནས་བོད་ལྗོངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་ཚན་པ་ཁག་གིས་ཐད་ཀར་བེད་སྤྱོད་ཐུབ་རེ་ཡོད་ཅིང་། དེ་ལྟར་བྱུང་ན་བེད་སྤྱོད་ཁྱབ་ཁོངས་ཆེ་རུ་འགྲོ་བ་མ་ཟད་གཞུང་སྒེར་ཚང་མར་ཁྱབ་གདལ་གཏོང་ཐུབ།

    མཇུག་བསྡུ་བའི་གཏམ།

    འབྱུང་འགྱུར་རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་འཕེལ་ཕྱོགས་ནི“འཕྲུལ་ཆས་ཀྱིས་མིའི་ཚབ་བྱེད་པ”ཞིག་མིན་པར“མི་དང་འཕྲུལ་ཆས་མཉམ་ལས་བྱེད་པ”ཞིག་ཡིན་དགོས། སྐད་ཆའི་བང་མཛོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཡིག་སྒྱུར་དཔེ་དབྱིབས་ཆེ་མོའི་གོ་བ་ལེན་པའི་ནུས་པ་ཆེ་རུ་གཏོང་བ་དང་འབྲེལ། ཆེད་ལས་ལོ་ཙཱ་བས་ཞུ་དག་བྱས་ནས་འཕྲུལ་ཆས་ཡིག་སྒྱུར་དེ་རྒྱ་བོད་གསར་འགྱུར་བརྒྱུད་སྤེལ་བྱེད་མཁན་གྱི་གོ་ཆོད་ལས་རོགས་ཤིག་ཏུ་གྱུར་བར་བྱས་ནས། འབོར་ཆེ་བའི་ཡིག་སྒྱུར་དུས་ཐོག་ཏུ་སྒྱུར་མི་ཐུབ་པའི་དཀའ་གནད་བསལ་ཏེ། རྒྱ་བོད་གསར་འགྱུར་ཟུང་འབྲེལ་གྱི་ལམ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཞབས་འདེགས་ཞུ་དགོས།

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། བྱམས་པ་ཚེ་རིང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།