བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་དུ་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་གྱི་རྩོད་རྒྱུགས་འདུ་ཚོགས་གཉེར་བ།
ཟླ་5ཚེས་23ཉིན་གྱི་སྔ་དྲོར། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཝ་པ་གླིང་སློབ་ཁུལ་གྱི་རིག་གཞུང་སློབ་གླིང་དུ་སྒྱུ་རྩོམ་རིག་པ་དང་། ཀྲུང་གོའི་གནའ་རབས་རྩོམ་རིག ཀྲུང་གོའི་གནའ་སྲོལ་ཡིག་ཚང་རིག་པ། ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་བཅས་རིག་ཚན་བཞིའི་2026ལོའི་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་གྱི་རྩོད་རྒྱུགས་དམ་བཅའ་འཇོག་པའི་འདུ་ཚོགས་གཉེར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྩོད་རྒྱུགས་ལྷན་ཚོགས་ཀྱི་དབུ་འཛིན་ནི་སློབ་གྲྭ་དེ་གའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན་འཆི་མེད་རྡོ་རྗེ་ཡིན་པ་དང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་། བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བཀྲ་ཕུན། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དགྲ་འདུལ་དང་དགེ་རྒན་ཆེན་མོ་གཞོན་པ་ར་ས་བསྟན་འཛིན་ཆོས་གྲགས་བཅས་ཀྱིས་ཨུ་ཡོན་གྱི་འགན་ཁུར་བ་དང་། དགེ་སློབ་མང་པོ་ཟུར་ཉན་ལ་ཞུགས་ཡོད་པ་རེད།
དམ་བཅའ་འཇོག་པའི་འདུ་ཚོགས་ལ། རྩོད་རྒྱུགས་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་ཞིབ་འཇུག་གི་རྣམ་འགྱུར་དང་རིག་གཞུང་གི་སྙིང་སྟོབས་གཟབ་ནན་ལ་བརྟེན་ནས་སློབ་མའི་དཔྱད་རྩོམ་སྒྲོག་སྦྱངས་ལ་ཞིབ་ཏུ་ཉན་ཞིང་། དཔྱད་རྩོམ་གྱི་དཔྱད་གཞི་དང་། རྩོམ་ཁོག ཡིག་ཚང་། ཞིབ་འཇུག་གི་ནང་དོན། སྒྲུབ་བྱེད་འགོད་སྟངས་སོགས་ལ་ཕྱོགས་ཡོངས་ནས་དཔྱད་འཇོག་བྱས་པ་མ་ཟད། དཔྱད་རྩོམ་གྱི་གཙོ་གནད་སྐོར་ནས་དྲི་བ་བཏོན་ཏེ་དག་བཅོས་ཀྱི་བསམ་འཆར་དང་གྲོས་འགོ་རྩ་ཆེན་ཡང་བཏོན་ཡོད། སྒྱུ་རྩོམ་རིག་པའི་རྩོད་རྒྱུགས་ཚོགས་རར་དམ་བཅའ་འཇོག་མཁན་འབུམ་རམས་སློབ་མ་གཉིས་ཀྱིས་རིག་ལམ་གསལ་པོའི་སྒོ་ནས་དྲི་བ་དག་ལ་ལན་བཏབ་པའི་ཁར་རྒན་ལགས་རྣམ་པའི་དགོངས་འཆར་དང་ལེན་ཞུས་པ་རེད། ཆུ་ཚོད་བཞིའི་རིང་གི་རྩོད་རྒྱུགས་འདུ་ཚོགས་ནི་མཁས་པའི་ཚོགས་ཀྱི་འབེལ་གཏམ་དང་སློབ་བུ་རྣམས་ལ་གཞུང་ཁྲིད་བྱས་པ་ལྟ་བུ་ཞིག་རེད་ལ། འབུམ་རམས་ཞིབ་འཇུག་སློབ་མ་ཙམ་མ་ཟད་དེ་གར་འདུས་པའི་དགེ་སློབ་ཡོངས་ལ་བློ་སྐྱེད་ཆེན་པོ་བྱུང་ཡོད། མཐར་རྩོད་རྒྱུགས་ལྷན་ཚོགས་ཀྱིས་འབུམ་རམས་ཞིབ་འཇུག་སློབ་མ་གཉིས་པོའི་དཔྱད་རྩོམ་སྒྲོག་སྦྱངས་བདེ་བླག་བྱུང་བར་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད་པ་རེད།
གཞན་ཡང་། སློབ་གླིང་དེའི་རིག་ཚན་གཞན་གྱི་འབུམ་རམས་ཞིབ་འཇུག་སློབ་མའི་རྩོད་རྒྱུགས་འདུ་ཚོགས་སུ། ད་དུང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། བོད་ལྗོངས་སློབ་གསོ་ཐིང་སོགས་ནས་གདན་འདྲེན་ཞུས་པའི་མཁས་དབང་ཡང་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།