དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • མུན་པ་སངས་པའི་དུས་ལ་སྐྱ་རེངས་འཆར།

    —— བདེ་སྐྱོང་ལོང་བའི་འཕུར་མཉེད་ལྟེ་གནས་ཀྱི་འགན་འཁུར་བ་ཆུང་ལགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-21

    ཆུང་ལགས་ཀྱིས་སྐུ་མགྲོན་ལ་གནོན་མཉེད་གཏོང་བཞིན་པ། 

    ཞོགས་པའི་དྭངས་གཙང་གི་མཁའ་རླུང་དང་འགྲོགས་ཏེ། ཕྲུ་གུ་གཉིས་པོ་སློབ་གྲྭར་བསྐྱལ་རྗེས་དེ་མུར་ཆུང་ལགས་ཀྱིས་རང་གི་བཟའ་ཟླ་དབང་འདུས་དང་ལྷན་དུ་འཕུར་མཉེད་ཁང་དུ་ཕྱིན་ནས་ཉིན་གཅིག་གི་ལས་འགོ་བརྩམས། 

    ད་ལོ་ལོ་35ལ་སླེབས་པའི་ཆུང་ལགས་ཀྱི་ཕ་ཡུལ་ནི་ཡར་ཀླུང་གཙང་འགྲམ་དུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་དུ་ཡིན། ཁོང་ཐོག་མར་སྐྱེ་དུས་དབང་པོ་བདེ་ཐང་ཡིན་མོད། ལོ་གསུམ་ལ་སོན་སྐབས་སྟབས་མི་ལེགས་པར་མིག་ནད་བྱུང་བ་རེད། སྐབས་དེ་དུས་ཁྱིམ་ཚང་གི་འཚོ་བའི་འཁོས་ཀ་ཧ་ཅང་ཞན་པས་དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པས། རིམ་བཞིན་མིག་གཉིས་ལོང་བར་གྱུར། སློབ་ལོ་ལོན་ཡང་སློབ་གྲྭར་འགྲོ་ཐབས་མེད་པས། རེ་ཞིག་རང་ཁྱིམ་དུ་སྡོད་དགོས་བྱུང་། ཁོང་གི་ཨ་མས་རང་གི་བུ་མོ་ཕྱོགས་ལ་སོང་ན་གྱོང་རག་རྒྱུ་གཏན་འཁེལ་རེད་སྙམ་ཏེ། མི་ཚེ་གཅིག་ཁྱིམ་དུ་བསྡད་རྒྱུའི་རེ་བ་འཆང་གི་ཡོད། ཆུང་ལགས་ཁོང་ལ་མཚོན་ན་ལོ་14ལ་མ་སླེབས་བར་དུ་རང་ཁྱིམ་ནས་ཁ་བྲལ་མྱོང་མེད། རང་ཁྱིམ་དུ་སྡོད་སྐབས་ཁོང་གི་སེམས་ནང་སོ་སོའི་གཡས་གཡོན་གྱི་ན་མཉམ་ཚོ་དང་ལྷན་དུ་སློབ་གྲྭར་ཕྱིན་ནས་ཤེས་བྱ་རིག་པའི་གནས་ལ་འབད་བརྩོན་བྱེད་ཐབས་མེད་པ་ཤེས་སྐབས་ཉི་མ་ལོ་ལས་རིང་བ་བྱུང་ཡོད་ལ། སེམས་ནང་རང་ཉིད་འཇིག་རྟེན་འདིའི་ཐོག་སྐྱོ་ཤོས་ཡིན་པའི་ཚོར་བ་དྲག་པོ་བྱུང་ཡོད། སྟབས་ལེགས་པ་ཞིག་ལ་སྣང་ཚུལ་དེ་རིགས་ཁོང་དབང་སྐྱོན་སློབ་གྲྭར་བསྐྱོད་རྗེས་རིམ་པས་ཇེ་བཟང་དུ་སོང་། ཇུས་སྲིད་བཟང་པོའི་དཔྱིད་རླུང་བོད་ལྗོངས་ཀྱི་ས་ཕྱོགས་ཁག་ཏུ་ལྡང་བས། ཆུང་ལགས་སློབ་གྲྭར་འགྲོ་སྐབས་སློབ་ཡོན་སྤྲོད་མ་དགོས་པའི་ཁར་སློབ་གྲྭ་ནས་ཁོང་གི་འཚོ་བ་དང་སློབ་སྦྱོང་ཐད་མ་ཁྱབ་པ་མེད་པའི་ལྟ་རྟོག་ཀྱང་ལོངས་སྤྱོད་ཐུབ། 

    ལས་མིས་སྐུ་མགྲོན་ལ་འཕུར་མཉེད་གཏོང་བཞིན་པ།

    2006ནས་2009བར་ཆུང་ལགས་གཞིས་རྩེ་པད་གཞུང་ལོང་བའི་སློབ་གྲྭར་བསླས་འཐག་དང་། ཚལ་འདེབས་ལག་རྩལ་སོགས་ལ་སྦྱངས་པ་བྱས་པ་དང་། ཁོང་རང་ན་མཉམ་གྱི་ཁྲོད་དུ་གྲུང་ཤ་དོད་པོ་ཡོད་ཁར་རྒྱུན་དུ་བརྩོན་འགྲུས་ཧ་ཅང་ཆེ་བས་ལག་ཤེས་མང་དག་ཅིག་དུས་ཡུན་རིང་པོ་མ་འགོར་བར་བྱང་ཆ་དོད་པོར་གྱུར། མུ་མཐུད་ལག་རྩལ་མི་འདྲ་བ་ཁག་ལ་སློབ་སྦྱོང་བྱེད་པའི་འདུན་པ་དྲག་པོ་ཡོད་པས། 2009ལོར་སློབ་གྲྭ་ནས་ཆུང་ལགས་ལྷ་སར་འཕུར་མཉེད་སྦྱོང་བར་བཏང་། ལྷ་སར་སླེབས་སྐབས་ཁོང་འཕུར་མཉེད་སྦྱོང་བའི་ཧུར་སེམས་ཆེན་པོ་ཡོད་ཁར་དུས་ཡུན་ཐུང་ངུའི་ནང་དུ་འཕུར་མཉེད་ལག་རྩལ་མི་ཉུང་བ་ཞིག་ཤེས་སྟབས། འཕུར་མཉེད་དགེ་རྒན་རྣམ་པས་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད། གཡང་རྩེའི་སྒང་ལ་ཡས་སྒྲོན་ཞེས་པའི་དཔེ་ལྟར་ཁོང་ལྷ་སར་འཕུར་མཉེད་ལག་རྩལ་གང་ལ་གང་ཙམ་ཤེས་རྗེས། 2013ལོར་རྒྱལ་ས་པེ་ཅིང་དུ་མུ་མཐུད་སློབ་སྦྱོང་བྱེད་པར་འགྲོ་བའི་གོ་སྐབས་བཟང་པོ་ཐོབ། སློབ་སྦྱོང་ཚར་རྗེས་ཆུང་ལགས་ཐོག་མར་ལྷ་ས་གྲོང་ཁྱེར་གསོ་བཅོས་ལྟེ་གནས་སུ་ལས་ཞུགས་ཐུབ་པ་དང་། འཕུར་མཉེད་ཀྱི་ལག་རྩལ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། འཕུར་མཉེད་ཀྱི་བརྒྱུད་རིམ་ཁྲོད་དུ་ཁོང་གི་བྱ་གཞག་གསར་གཏོད་ཀྱི་རེ་བའི་ས་བོན་ཡང་སྐབས་དེ་ནས་འདེབས་འགོ་བརྩམས།  

    ཁོང་གིས་2016ནས་2018ལོའི་བར་མཉམ་ལས་ཀྱི་ཐོག་ནས་གངས་རྒྱན་མགྲོན་ཁང་དུ་ལོང་བའི་འཕུར་མཉེད་ཁང་བཙུགས་ནས་བྱ་གཞག་གསར་གཏོད་ཀྱི་ལམ་དུ་ཞུགས་པ་དང་། དེ་ནས་བྱ་གཞག་གསར་གཏོད་ཀྱི་བརྒྱུད་རིམ་ཁྲོད་དུ་སོ་སོའི་བསམ་བློ་མི་འདྲ་བས་རིམ་གྱིས་མཉམ་ལས་ཁ་ཐོར་བ་རེད། 2018ལོར་ཁོང་དང་བཟའ་ཟླ་དབང་འདུས་ཀྱིས་ལོང་བའི་འཕུར་མཉེད་ཁང་དེ་ཚུར་རྩིས་བླངས་ནས་མུ་མཐུད་ཚོང་ལས་ཀྱི་ལམ་བུར་ཞུགས། གསར་འགོད་པས་འཕུར་མཉེད་ཁང་གི་ཚོང་གང་འདྲ་འདུག་གམ་ཞེས་འདྲི་སྐབས། ཆུང་ལགས་ཀྱིས“སྐབས་ཤིག་རིང་སྐུ་མགྲོན་མང་པོས་ང་ཚོའི་འཕུར་མཉེད་ཁང་ལ་རྒྱུས་མངའ་ཆེན་པོ་མེད་པས་ཚོང་ལམ་ཡག་པོ་མི་འདུག་ལ་མ་རྩ་རྡིབ་གྲབས་ཀྱང་ཐེངས་མ་ཁ་ཤས་བྱས་སོང་། སྐབས་དེར་ང་དང་བཟའ་ཟླས་ལས་མི་ཚོར་གླ་ཆ་སྤྲོད་དགོས་པ་མ་ཟད་ཁང་གླ་ཡང་སྤྲོད་དགོས་པས་དཀའ་ངལ་ཆེན་པོ་འཕྲད་བྱུང་། འོན་ཀྱང་། རང་ཉིད་ཀྱི་སེམས་ནང་ལས་མིའི་གླ་ཆ་དང་ཁང་གླ་མ་ཆད་པ་བྱ་རྒྱུའི་དམ་བཅའ་བརྟན་པོ་བཞག་ཡོད། སེམས་ནང་འཕུར་མཉེད་ཁང་གློད་གཏོང་བྱེད་དགོས་བསམས་ཀྱང་། ལས་མི་རྣམས་བསྐྱར་དུ་ལས་ཞུགས་བྱེད་དགོས་ན་ཧ་ཅང་དཀའ་ཁག་ཆེ་བས་རང་དང་བཟའ་ཟླས་དཔུང་པ་མཉམ་གཤིབ་དང་དཀའ་སྤྱད་སྡུག་རུས་བྱས་པས་མཐར་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་པ་བྱུང”ཞེས་བཤད།

    བཟའ་ཚོ་གཉིས་པོ་གཏམ་གླེང་བྱེད་བཞིན་པ།

    གོ་ལ་ཧྲིལ་པོར་ཆ་འཕྲིན་དྲ་རྒྱ་ཁྱབ་རྒྱ་ཆེ་བ་དང་མི་མང་པོས་དྲ་རྒྱར་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་བྱེད་བཞིན་མཆིས། དྲ་རྒྱས་ཁོང་གཉིས་ཀྱི་ཚོང་ལམ་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད་དེ། 2022ལོར་ཁོང་གཉིས་ཀྱིས་འཁྱུག་དབྱིངས་སྟེགས་བུ་བརྒྱུད་ནས་བདེ་ཐང་དང་འབྲེལ་བའི་སྤུས་ལེགས་ཀྱི་བརྙན་ཐུང་མི་ཉུང་བ་ཞིག་བསྐུར་རྗེས་མི་མང་པོས་དེ་ལ་དོ་སྣང་བྱུང་བ་དང་། རིམ་པས་ཁོང་རྣམ་གཉིས་ལ་རྒྱུས་མངའ་ལོན་མཁན་ཇེ་མང་དུ་སོང་ནས་ཚོང་ལམ་ཡང་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ། གསར་འགོད་པས་ཁོང་རྣམ་གཉིས་ལ་བརྙན་ཐུང་བཟོ་རྒྱུའི་བསམ་བློ་ཇི་ལྟར་འཁོར་བྱུང་ངམ་ཞེས་འདྲི་སྐབས། ཁོང་གིས“སྐུ་མགྲོན་དེ་ཙམ་མེད་པའི་སྐབས་སུ་ཁོམ་པ་མང་པོ་ཡོད་པས། ངས་ཁོམ་པ་སྤྱད་ནས་ཚོད་ལྟའི་ཚུལ་དུ་རང་གི་བཟའ་ཟླར་བརྙན་ཐུང་པར་ལེན་བྱ་རྒྱུའི་གྲོས་འགོ་བཏོན་པས། བཟའ་ཟླས་དེ་མ་ཉིད་དུ་དང་ལེན་བྱས་བྱུང་། རང་ཉིད་ནི་ཆེད་ལས་འཕུར་མཉེད་ལག་རྩལ་བ་ཞིག་ཡིན་པས། འཕུར་མཉེད་དང་འབྲེལ་བའི་རིགས་པའི་གཞུང་ལུགས་ལ་རྒྱུས་མངའ་ཆེ་ཙམ་ཡོད། ཉིན་ལྟར་བདེ་ཐང་དང་འབྲེལ་བའི་བརྙན་ཐུང་འཁྱུག་དབྱིངས་ནང་བསྐུར་བས་ཞེན་མི་མང་པོ་འཕར་ཡོང་གི་འདུག སྐབས་རེ་བརྙན་ཐུང་གཅིག་གིས་ཞེན་མི་ལྔ་སྟོང་ཙམ་འཕར་གྱི་འདུག”ཅེས་བཤད།  

    དྲ་ལམ་བརྒྱུད་ནས་འཕུར་མཉེད་ཁང་གི་ཚོང་ལམ་ཇེ་ལེགས་སུ་སོང་བས། ཁོང་གཉིས་ཀྱིས་དྲ་རྒྱའི་དུས་རབས་ཀྱི་གོ་སྐབས་བཟང་པོ་དེ་བེད་སྤྱད་ནས་དྲ་ལམ་ཐོག་གཙོ་བོ་རུས་ཚིགས་བྱུག་སྨན་དང་སྐྲ་འཁྲུད་འདག་རྫས་འཚོང་བའི་ལམ་དུ་ཞུགས། ཐོན་རྫས་ཐོག་ཏུ་ལོང་ཡིག་བརྒྱབ་ཡོད་པས་ལོང་བ་ཚོས་སྤུས་ལེགས་ཀྱི་ཐོན་རྫས་དེ་རེག་པ་ཙམ་གྱིས་དེ་ནི་ཨ་ཅག་ཆུང་ལགས་ཀྱི་ཐོན་རྫས་ཡིན་པ་ལམ་སེང་ཤེས་ཀྱི་ཡོད། ལྷག་པར་དུ་ཁོང་གི་བདེ་སྐྱོང་སྙོམས་འགྲིག་བྱུག་སྨན་དེ་སྐེད་པ་འཆུས་པ་དང་། མཇིང་པ་འཆུས་པ། སྒལ་ཚིགས་འཆུས་པ་སོགས་ལ་ཕན་པ་ཆེ་བས། མི་མང་པོས་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད་པ་དང་བྲིན་ཁ་ཡང་ཧ་ཅང་རྒྱུག་པོ་ཡོད། བོད་ལྗོངས་སུ་ཁོང་རྣམ་གཉིས་ནི་ལོང་བའི་ཁྲོད་ནས་འཁྱུག་དབྱིངས་སྟེགས་བུ་བརྒྱུད་དེ་དྲ་ལམ་ཐོག་ཏུ་ཚོང་རྒྱག་ཐུབ་མཁན་དང་པོའི་གྲས་ཤིག་ཡིན་པ་དང་། ཁོང་རྣམ་གཉིས་ཀྱི་དཔེ་སྟོན་འོག་ལོང་བ་མི་ཉུང་བ་ཞིག་གིས་ཁོང་རྣམ་གཉིས་ལ་སློབ་སྦྱོང་བྱས་ནས་དྲ་ཐོག་ཚོང་ལམ་དུ་འགྲོ་འགོ་བརྩམས། 

    ཆུང་ལགས་ཀྱིས་ཤེས་བྱ་རིག་གནས་སྦྱོང་བཞིན་པ། 

    ད་ལྟའི་དུས་སུ་ཁོང་གི་འཕུར་མཉེད་ཁང་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་ཡིན་པས། ཁོང་གཅིག་པུས་ཞོགས་པའི་ཆུ་ཚོད་དགུ་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་པ་བར་སྐུ་མགྲོན་དགུ་བཅུ་ཙམ་ལ་འཕུར་མཉེད་གཏོང་གི་ཡོད་པ་དང་། ལས་མི་གཞན་པ་ཚོར་ཡང་སྡོད་ཁོམ་མེད། ཁོང་གིས་གསར་འགོད་པར་བཞད་གད་དང་སྦྲགས“སྐབས་རེ་མགོ་ལ་མེ་ཤོར་ཡང་འཕུར་ལོང་མེད་པའི་སྣང་བ་ཡོང་གི་འདུག ”ཅེས་བཤད། ཁོང་གི་སྐུ་མགྲོན་གཙོ་བོ་རྒྱལ་ནང་དང་། ལྷ་ས། ལྷོ་ཁ། གཞིས་རྩེ། ཀོང་པོ་སོགས་ནས་ཡིན་ཡང་། ཁོང་གི་འཕུར་མཉེད་ལག་རྩལ་རྩེ་གྲའི་གྲས་ཡིན་པས། ཡུལ་སྐོར་སྣེ་ཤན་པ་མང་པོས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་གཅིག་རྗེས་མཐུད་ངང་འཕུར་མཉེད་ཁང་དུ་ཁྲིད་ཡོང་གི་ཡོད། 

    སྤྱི་ཚོགས་ཧྲིལ་པོ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་སྐབས་སུ། འཛད་སྤྱོད་པའི་རེ་བ་ཡང་ཇེ་མཐོར་འགྲོ་བཞིན་ཡོད་པས། ཆུང་ལགས་ཀྱིས་ལོང་བའི་འཕུར་གནོན་གྱི་སྤུས་ཚད་དེ་བས་མཐོར་འདེགས་གཏོང་བའི་ཆེད་དུ། ལས་རིགས་སློབ་གླིང་ཞིག་ཏུ་ཕྱིན་ནས་མུ་མཐུད་ཟབ་སྦྱོང་བྱ་རྒྱུའི་བསམ་བློ་ཡོད་པ་རེད། སྤགས་ལ་དགོས་རྒྱུ་སྤགས་ཁུ་ཞེས་པར་ལྟར་ན་ནིང་སྲིད་གཞུང་གི་བཀའ་དྲིན་འོག་ཁོང་ཀུའེ་ཀྲོའུ་ཧྲེང་ཧྭ་ལས་རིགས་སློབ་གླིང་དུ་རིན་མེད་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ། 

    ནང་མི་བཞི་པོས<< ལོང་བའི་སེམས་གཞས་ཕྲ་མོ>>ཞེས་པའི་བརྙན་ལེན་པ།

    ཆུང་ལགས་བཟའ་ཚོ་གཉིས་པོས་དབང་སྐྱོན་མི་ཉུང་བ་ཞིག་ལ་འཕུར་མཉེད་ཀྱི་ལག་རྩལ་བསླབས་ཡོད་པ་དང་། དབང་སྐྱོན་ལ་ལར་ལས་གནས་མཁོ་འདོན་བྱེད་པ། དབང་སྐྱོན་ལ་ལར་ཁོང་རྣམ་པར་འཚམས་པའི་ལས་ཀ་འཚམས་སྦྱོར་བྱས་ནས་ལས་ཞུགས་ཐུབ་པ་བྱེད་ཀྱི་ཡོད། ཁོང་གིས་ཉེ་འཁོར་གྱི་དབང་སྐྱོན་མང་པོ་ཞིག་སྤྱི་ཚོགས་ཐོག་རང་མགོ་རང་ཐོན་བྱུང་བ་མཐོང་སྐབས་རེ་བའི་ལས་ལ་འབྲས་བཟང་སྨིན་སོང་སྙམ་ནས་སེམས་ནང་དགའ་བ་འབུམ་གྱིས་མྱོས། གསར་འགོད་པས་ཁོང་ལ་ས་ཆ་གཞན་དུ་འཕུར་མཉེད་ཁང་འཛུགས་རྩིས་ཡོད་དམ་ཞེས་འདྲི་སྐབས། ཁོང་གིས“གཞིས་ཀ་རྩེས་གཙོས་པའི་ས་ཆ་མང་པོ་ཞིག་གི་སྐུ་མགྲོན་ཚོས་ཡན་ལག་འཕུར་མཉེད་ཁང་འཛུགས་རོགས་ཞེས་གསུངས་མཁན་མང་པོ་བྱུང་ཡང་། རང་ཉིད་ད་ལྟའི་འཕུར་མཉེད་ཁང་ལ་སྐུ་མགྲོན་མང་པོ་ཡོང་གི་འདུག ད་དུང་ཡན་ལག་འཕུར་མཉེད་ཁང་འཛུགས་པའི་སྐོར་ལ་བསམ་བློ་བཏང་ན་ལག་པ་རིང་དྲགས་ཕུ་ཐུང་ཐུང་དྲགས་པའི་ཚོར་བ་འདུག མིག་སྔར་ཡན་ལག་འཕུར་མཉེད་ཁང་འཛུགས་པའི་བསམ་བློ་མེད”ཅེས་བཤད། 

    བཟའ་ཚོ་གཉིས་པོས་སྤྱི་ཕན་གྱི་ལས་ལ་གཞོལ་བ།

    འཕུར་མཉེད་ཀྱི་ལམ་བུའི་ཁྲོད་ཁོང་གི་བཟའ་ཟླ་དབང་འདུས་ནི་ཁོང་གི་དཔུང་རོགས་ཡག་ཤོས་དེ་ཡིན་པ་དང་། བཟའ་ཟླ་དབང་འདུས་ཀྱིས་ཐོག་མཐའ་བར་གསུམ་དུ་འཁང་ར་སྤུ་ཙམ་ཡང་མེད་པར་ཁོང་གི་ལས་ཀར་ཕྱར་བ་གྲུ་འདེགས་བྱེད་ཀྱི་ཡོད། བཟའ་ཚོ་གཉིས་པོ་2009ལོར་ཕན་ཚུན་ངོ་ཤེས་རྗེས་རིམ་པས་འཇིག་རྟེན་མཐུན་འཇུག་གི་ལམ་ལ་ཆས། ཁོང་གཉིས་པོ་མིག་ལོང་བ་ཡིན་སྟབས་ཁྱིམ་བདག་གཞན་དག་ལྟར་རང་གི་ཕྲུ་གུར་སློབ་སྦྱོང་དང་སྦྱོང་ཚན་ལ་སོགས་པ་ཡག་པོ་ཞིག་སློབ་ཐུབ་ཐབས་མེད་ཀྱང་། ཕྲུ་གུ་གཉིས་པོ་ནི་ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ་དང་། ཤ་ཁོག་གཅིག་ནས་གཏུབས་པའི་ཏིག་ག་ལྟ་བུ་ཞིག་ཡིན་པས་སེམས་ནང་སེམས་ཁྲལ་མི་ཉུང་བ་ཞིག་ཡོད་པས། ཞར་དང་ཞོར་དུ་རང་ནུས་ཅི་ལྕོགས་ཀྱིས་ཕྲུ་གུ་གཉིས་པོའི་བསམ་བློའི་བྱང་ཚད་དང་། ཀུན་སྤྱོད་ཆུ་ཚད། ལག་ལེན་ནུས་པ་སོགས་ལ་དོ་སྣང་བྱེད་ཀྱི་ཡོད། ཕྲུ་གུ་གཉིས་པོས་ཀྱང་རྒྱུན་ལྡན་གྱི་དུས་ཚོད་ནང་དུ་སློབ་སྦྱོང་ཡག་པོ་བྱས་ནས་རང་གི་ཕ་མར་སེམས་ཁྲལ་གཏན་ནས་བཟོ་ཡི་མེད་པ་རེད། 

    བཟའ་ཚོ་གཉིས་པོས་གཤམ་སྐྱོད་ཀྱི་བྱེད་སྒོར་ཞུགས་པ། 

    བཅར་འདྲི་མཇུག་སྒྲིལ་ཉེ་བའི་མཚམས་སུ། གསར་འགོད་པས་ཆུང་ལགས་ལ་བརྗོད་འདོད་པའི་སྙིང་གཏམ་གང་ཡོད་དམ་ཞེས་འདྲི་སྐབས། ཁོང་གིས“མི་རེའི་སེམས་ལ་སྡུག་བསྔལ་མང་ཉུང་མ་ལྟོས་པར་ངེས་པར་ཡོད་སྲིད་པས་རྒྱུན་དུ་སེམས་ནད་རྒྱབ་ཏུ་བསྐྱུར་ནས། རང་ཉིད་ལ་ལེགས་ཆ་གང་ལྡན་མིན་མང་ཙམ་བཙལ་ཏེ་མདུན་སྐྱོད་ཀྱི་ལམ་བུར་ཞུགས་དགོས། སྤྱི་ཚོགས་ཐོག་གི་གཞོན་ནུ་རྣམ་པས་རང་ལ་དབང་བའི་ལེགས་ཆ་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་ན་ལས་ཀ་གང་བྱས་ཀྱང་དཀའ་ངལ་འཕྲད་སྐབས། ཡིད་མུག་ངང་ཉིན་མ་གང་འཁྱོལ་མ་བྱས་པར་མུ་མཐུད་དཀའ་ངལ་གདོང་ལེན་བྱེད་པའི་སེམས་ཤུགས་ཡོང་ཐུབ་ཀྱི་རེད”ཅེས་བཤད། ད་ཆ་ཆུང་ལགས་ནི་སྐུ་མགྲོན་མང་པོས་རྒྱུས་མངའ་ཡོད་པའི་དཔེ་སྟོན་གྱི་འཕུར་མཉེད་མཁན་ཞིག་ཡིན་པ་དང་། ཁོང་དང་ལས་མི་རྣམ་པའི་དཀའ་སྤྱད་འབད་བརྩོན་འོག་མ་འོངས་པའི་ལོ་ཟླའི་ནང་འཕུར་མཉེད་ཁང་གི་འཕེལ་རྒྱས་དེ་ཡག་ཐོག་ཡག་བརྩེགས་ཡོང་ངེས་རེད།  

    (གསར་འགོད་པ། ཉི་མ་ཚེ་རིང་། དཔལ་མཆོག བསོད་ནམས་མཚོ་མོ། ཚེ་བརྟན་རྡོ་རྗེ། བསོད་ནམས་དབང་འདུས

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།