དྲང་བདེན་གཙུག་ཏུ་བཀུར། རེ་བའི་འབྲས་བཟང་སྨིན།
—— བོད་ལྗོངས་ཡ་ཁོ་རེ་ཚོང་རྟགས་འཆར་འགོད་ཚད་ཡོད་ཀུང་སིའི་འགན་འཁུར་བ་བཀྲ་ཤིས་དཔལ་ལྡན་གྱི་སྐོར་བཀོད་པ།

བཀྲ་ཤིས་དཔལ་ལྡན་གྱིས་འབྲེལ་ཡོད་བྱེད་སྒོར་གཏམ་བཤད་སྤེལ་བཞིན་པ།

འཆར་འགོད་ལ་དགའ་བའི་བཀྲ་ཤིས་དཔལ་ལྡན།

བཀྲ་ཤིས་དཔལ་ལྡན་གྱིས་འཆར་འགོད་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས།

བོད་ལྷམ་གྱི་བཟོ་ལྟའི་སྨྱུག་སྣོད།

བཀྲ་ཤིས་དཔལ་ལྡན་གྱིས་འཆར་འགོད་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས།
སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་མཛེས་པས་ཕྱུག་པའི་ཡ་ཁོ་རེ་ཀུང་སིའི་ཚོམས་ཆེན་གྱི་འགྲེམས་སྟེགས་སུ་ཆེ་ཆུང་སྣ་ཚོགས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་ཁག་300ལྷག་ཙམ་གྲལ་སྟར་འགྲིག་པོས་བཤམས་ཡོད་ཅིང་། འགྲེམས་སྟོན་ཁང་གི་ཕྱིའི་མཛེས་བཟོ་དང་། བར་ཁྱམས། ནང་གི་བཀོད་པ་སོགས་ཕྱོགས་གང་ས་ཅི་ཐད་ནས་བོད་ཀྱི་སྲོལ་རྒྱུན་གྱི་གནའ་ཉམས་དང་དེང་དུས་ཀྱི་མཛེས་པ་མཉམ་འདྲེས་ཀྱི་ཉམས་སྣང་ཟབ་མོ་ཞིག་སྦྱིན་འོང་། གསར་འགོད་པ་དེ་གར་འབྱོར་སྐབས། ཀུང་སིའི་འགན་འཁུར་བ་བཀྲ་ཤིས་དཔལ་ལྡན་ལས་རོགས་དང་མཉམ་དུ་ཐོན་རྫས་གསར་པ་ཞིག་ལ་འཆར་འགོད་ཇི་ལྟར་བྱེད་མིན་ཐད་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་འདུག
བཀྲ་ཤིས་དཔལ་ལྡན་ཁྱིམ་ཚང་ཕལ་པའི་བུ་ཕྲུག་ཅིག་ནས་འཆར་འགོད་པ་ཞིག་ཏུ་གྱུར་པའི་བར་དང་། ཆེད་ཚན་སློབ་གྲྭའི་སློབ་རྒྱུས་ལས་མེད་པའི་སློབ་མ་ཞིག་ནས་མིང་གྲགས་ངེས་ཅན་ཡོད་པའི་འཆར་འགོད་ཀུང་སིའི་འགན་འཁུར་བ་ཞིག་ཏུ་གྱུར་པའི་བར། ལས་གཏོད་ཀྱི་ལམ་བུར་ཁོང་ལ་དཀའ་སྡུག་དང་བར་ཆད་ཀྱི་རླུང་བུ་ཡང་ཡང་ལྡང་མྱོང་ནའང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་དྲང་བདེན་གཙུག་ཏུ་བཀུར་ནས་ལས་གཏོད་ཀྱི་ཞིང་སར་རེ་བའི་འབྲས་བུ་སྨིན་ཐུབ་པར་བྱས་ཡོད།
དྲང་བདེན་དང་དྲང་གཞག་ནི་ཀུན་གྱི་རྩ་བ་རེད།
བཀྲ་ཤིས་དཔལ་ལྡན་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་པ་དང་། ལོ་དྲུག་ལ་སླེབས་སྐབས་ཨ་མ་ཚེ་ལས་འདས། ཁྱིམ་དུ་ཕྲུ་གུ་མང་ལ་དཔལ་འབྱོར་འཁོས་ཀ་ཡག་པོ་དེ་ཙམ་མེད་པའི་དབང་གིས་པཱ་ལགས་ཀྱིས་ཁོང་ཨ་ནེར་མ་བཅོལ་ཀ་མེད་བྱུང་། ཨ་ནེས་རང་ཉིད་ཀྱི་ཕྲུ་གུ་ལྟར་ཁོ་པ་གསོ་སྐྱོང་བྱས་པ་དང་བཀྲ་ཤིས་དཔལ་ལྡན་གྱི་དགའ་ཕྱོགས་དང་གདམ་ག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་མ་ཟད། རྒྱུན་དུ་ཁོ་པར་གཞན་དང་འབྲེལ་འདྲིས་དང་བྱ་བ་གང་ཞིག་བྱས་རུང་དྲང་བདེན་དང་དྲང་གཞག་ནི་ཀུན་གྱི་རྩ་བ་རེད་ཅེས་སློབ་གསོ་རྒྱག་གི་ཡོད། ལོ་ན་ཕྲ་བའི་བཀྲ་ཤིས་དཔལ་ལྡན་གྱིས་ཨ་ནེའི་སྐད་ཆ་དེར་སྣང་བ་དེ་ཙམ་གཏོང་མ་མྱོང་ཡང་། ལོ་མང་གི་རྗེས་སུ་ལས་གཏོད་ཀྱི་ལམ་བུ་གདམ་ག་བྱེད་པ་དང་ལས་སྒོ་རེ་རེ་སྒྲུབ་དུས་གཞི་ནས་ཨ་ནེའི་སྐད་ཆ་དེའི་དོན་སྙིང་གསལ་པོར་རྟོགས་པ་དང་། དྲང་བདེན་དང་དྲང་གཞག་གཙུག་ཏུ་བཀུར་རྒྱུ་ནི་ཁོ་པའི་ཚོང་གཉེར་གྱི་རྩ་བ་དང་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་ཏུ་གྱུར་ཡོད།
ཕལ་པའི་ཁྱིམ་ཚང་གི་ཕ་མ་ཀུན་དང་འདྲ་བར། ཨ་ནེ་དང་ནང་མི་ཚང་མས་བཀྲ་ཤིས་དཔལ་ལྡན་སློབ་གྲྭ་ནས་ཐོན་རྗེས་གཞུང་ཞབས་པའི་ཡིག་རྒྱུགས་བཏང་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་བྱེད་རྒྱུའི་རེ་བ་ཆེན་པོ་འཆང་ཡང་། ཁོང་གི་བློ་ངོར་ཕུགས་འདུན་མངོན་འགྱུར་ཡོང་དགོས་ན་ངེས་པར་དུ་ལས་གཏོད་བྱེད་དགོས་འདུག་སྙམ་ནས། ནང་མིའི་རེ་འདོད་བཞིན་ཡིག་རྒྱུགས་མ་བཏང་བར། 2018ལོར་ནང་མི་ཚང་མའི་བློ་ཡུལ་ལས་འདས་པའི་གདམ་ག་ཞིག་བྱས་པ་སྟེ། དེ་ནི་མངའ་རིས་སུ་ལས་གཏོད་བྱེད་པར་བསྐྱོད་པ་དེ་རེད།
མངའ་རིས་ཀྱི་ཞིང་སར་ལས་གཏོད་ཀྱི་ས་བོན་སྟོར་བར་བྲེལ།
བཀྲ་ཤིས་དཔལ་ལྡན་གྱིས་རོགས་པ་དང་མཉམ་དུ་མངའ་རིས་སུ་བརྡ་ཁྱབ་ཀུང་སི་ཆུང་ཆུང་ཞིག་བཙུགས་པ་དང་། ཡིག་ཆ་པར་འདེབས་དང་། པར་འཁྲུ་བ། སྒོ་བྱང་བཟོ་བ་ལ་སོགས་ཀྱི་རྨང་གཞིའི་ལས་སྒོ་ནས་འགོ་བརྩམས་ཏེ་ལས་གཏོད་ཀྱི་ལམ་བུར་རྡོག་ཐོན་བྱས། བརྡ་ཁྱབ་ཀུང་སི་གཉེར་བའི་ལོ་གཉིས་རིང་ཁོ་པར་དཀའ་ངལ་ཆེ་ཆུང་མི་འདྲ་བ་མང་པོ་འཕྲད་ཀྱང་། ངེས་པར་དུ་དྲང་བདེན་དང་དྲང་གཞག་བྱེད་དགོས་ཞེས་པའི་ཨ་ནེའི་བསླབ་བྱ་དེ་ཁོང་གི་བློ་ལ་བརྟན་པོར་ངེས་ཡོད་དེ། ལས་སྒོ་ཚང་མའི་སྤུས་ཚད་ལ་འགན་ལེན་གྱིས་དུས་ཐོག་ཏུ་ཚར་བ་བྱེད་པ་དང་། འཆར་འགོད་བྱས་པའི་ཚོང་རྟགས་དག་ཀྱང་ཁས་བླངས་པ་ལྟར་ལེགས་གྲུབ་བྱེད་ཀྱི་ཡོད་པས། རིམ་བཞིན་ཁོ་པར་ས་གནས་དེ་གའི་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་ཙམ་མ་ཟད། ཁོ་པ་རང་ཉིད་ལའང་ཚོང་རྟགས་གཉེར་སྐྱོང་དང་ཁྲོམ་རའི་ཁྱབ་སྤེལ་སོགས་ཀྱི་ཉམས་མྱོང་མི་ཉུང་བ་ཞིག་ཐོབ། འོན་ཀྱང་། བརྡ་ཁྱབ་ཀུང་སིའི་ཡོང་འབབ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་སྐབས། བཀྲ་ཤིས་དཔལ་ལྡན་སླར་ཡང་སོམ་ཉིའི་དྲ་བར་ཚུད། “ང་རང་སློབ་སྦྱོང་བྱེད་པར་ཧ་ཅང་དགའ་པོ་ཡོད། ཡིན་ནའང་ལོ་གཉིས་རིང་ངའི་འཆར་འགོད་ཀྱི་ཆུ་ཚད་རང་འཇགས་རེད། ཉིན་ལྟར་བྱས་པའི་ལས་ཀ་མང་ཆེ་བ་བསྐྱར་ཟློས་ཤ་སྟག་ཡིན་པས། ངའི་འཆར་འགོད་ཀྱི་ཕུགས་འདུན་དང་རིམ་བཞིན་ཐག་ཇེ་རིང་དུ་ཕྱིན་པའི་ཚོར་སྣང་དྲག་པོ་བྱུང་། དེར་བརྟེན། ངས་མངའ་རིས་སུ་བྱུང་བའི་གྲུབ་འབྲས་ཡོད་ཚད་བློས་བཏང་སྟེ། བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་མུ་མཐུད་སློབ་སྦྱོང་དང་ལས་གཏོད་བྱེད་པར་འགྲོ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བཀྲ་ཤིས་དཔལ་ལྡན་གྱིས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་བརྗོད།
དེ་ལྟར། 2020ལོར། བཀྲ་ཤིས་དཔལ་ལྡན་མངའ་རིས་ཀྱི་བརྡ་ཁྱབ་ཀུང་སིའི་ལས་ཀ་ནས་དོན་ཏེ། བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཕུགས་འདུན་སེམས་སུ་བཅངས་ནས་ལྷ་སར་ལས་གཏོད་བྱེད་པར་ཡོང་།
སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བྱས་པ།
ལྷ་སར་བསླེབས་རྗེས། བཀྲ་ཤིས་དཔལ་ལྡན་གྱིས་མཐོ་འབྲིང་གི་སློབ་གྲོགས་དོན་གྲུབ་ཚེ་རིང་དང་མཉམ་དུ་བོད་ལྗོངས་ཡ་ཁོ་རེ་ཚོང་རྟགས་འཆར་འགོད་ཚད་ཡོད་ཀུང་སི་བཙུགས་ཏེ། བོད་ཀྱི་རིག་གནས་ཀྱི་འབྲེལ་ཡོད་འཆར་འགོད་ལས་སྒོ་གཉེར་འགོ་ཚུགས། མངའ་རིས་དང་མི་འདྲ་བར། ལྷ་སར་འགྲན་རྩོད་ཧ་ཅང་ཆེ་བས་དཀའ་ཚེགས་ཀྱང་དེ་བས་ཆེ་བ་ཡོད་པ་ནི་སྨོས་མེད་རེད། བཀྲ་ཤིས་དཔལ་ལྡན་གྱིས། “ལྷ་སར་ཐོག་མར་ལས་གཏོད་བྱེད་སྐབས། ང་གཉིས་ཁང་པ་ཆུང་ཆུང་ཞིག་ཏུ་མཉམ་དུ་སྡོད་ཀྱི་ཡོད། ཆ་རྐྱེན་ཡག་པོ་དེ་ཙམ་མེད། འོན་ཀྱང་། བསམ་བློ་མཐུན་པའི་རོགས་པ་དང་མཉམ་དུ་རང་ཉིད་དགའ་བའི་འཆར་འགོད་ལས་ཀ་བྱེད་རྒྱུ་བྱུང་བས་སེམས་ལ་དགའ་ཚོར་ཆེན་པོ་འདུག”ཅེས་བརྗོད།
དེ་ཡང་། ཀུང་སིའི་མིང་ལ“ཡ་ཁོ་རེ”ཞེས་འདོགས་པའི་རྒྱུ་མཚན་སྐོར་གླེང་སྐབས། བཀྲ་ཤིས་དཔལ་ལྡན་གྱིས་སྤོབས་སེམས་ཆེན་པོས། “གཅིག་ནས་ང་རང་ཁམས་པ་ཞིག་ཡིན་པས། ཡ་ཁོ་རེ་ཞེས་པ་དེ་ང་ཚོའི་རྒྱུན་གཏན་གྱི་ཁ་བརྡ་བྱེད་སྟངས་ཤིག་རེད། གཉིས་ནས་ཚོང་རྟགས་ཤིག་ཡིན་ཕྱིན། གཞན་གྱིས་གོ་བདེ་བ་དང་བློ་ངོར་བག་ཆགས་འཇོག་ཐུབ་པ་བྱ་རྒྱུ་དེ་གཙོ་བོ་རེད། བྱས་ཙང་ཡ་ཁོ་རེ་ཞེས་པའི་མིང་དེར་མཚན་ཉིད་འདི་དག་ལྡན་ཡོད་བསམ་གྱི་འདུག་ལ། འཆར་འགོད་ལ་བརྟེན་ནས་བོད་ཙམ་མ་ཟད་རྒྱལ་ཕྱི་རྒྱལ་ནང་ཚང་མར་བོད་ཀྱི་རིག་གནས་དྲིལ་བསྒྲགས་བྱེད་པའི་ཀུང་སིའི་མཐར་ཐུག་གི་དམིགས་ཡུལ་དང་ཡོངས་སུ་མཐུན་ཞིང་། བོད་ཀྱི་འཆར་འགོད་ཀྱི་བྱ་གཞག་དེ་སྔར་ལས་དར་ཞིང་རྒྱས་པའི་སྨོན་འདུན་བཟང་པོའང་མཚོན་ཡོད་སྙམ་གྱི་འདུག”ཅེས་བརྗོད།
གསར་དུ་བཟོས་པའི་རིག་གནས་བསམ་བཀོད་ཐོན་རྫས་ཁྱབ་གདལ་གཏོང་ཆེད། བཀྲ་ཤིས་དཔལ་ལྡན་གྱིས་སྔ་རྗེས་སུ་ཚོང་ཁང་དང་། མགྲོན་ཁང་། དྲ་གྲགས་སོགས་དང་མཉམ་ལས་བྱས་ཤིང་། 2022ལོ་ནས་བཟུང་ཁྱུག་དབྱིངས་དང་སྐད་འཕྲིན་སོགས་སུ་རང་གིས་འཆར་འགོད་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་རྒྱབ་ལྗོངས་རེ་རེ་དང་གཏམ་རྒྱུད་རེ་རེ་མཉམ་སྤྱོད་བྱེད་བཞིན་ཡོད་པ་རེད། འཛད་སྤྱོད་པས་ཐད་གཏོང་ནས་ཁོ་པའི་ཐོན་རྫས་དང་པོ་དེ་ཉོ་སྐབས། བཀྲ་ཤིས་དཔལ་ལྡན་གྱི་སེམས་ལ་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། མུ་མཐུད་དེ་རིག་གནས་དར་སྤེལ་དང་ཁྱབ་གདལ་གཏོང་བའི་གདེང་ཚོད་ཀྱང་ཇེ་ཆེར་སོང་།
བཀྲ་ཤིས་དཔལ་ལྡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་བར་ཀུང་སིས་འཆར་འགོད་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས་ཁྱོན་300ལྷག་ཙམ་ཡོད་པ་དང་། ཚོགས་པར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་འགྲན་བསྡུར་ཆེ་མོའི་བྱ་དགའ་ཨང་དང་པོ་དང་། ཨ་མདོ་བརྙན་འཕྲིན་ལས་ཁུངས་ཀྱི་2022ལོའི་བོད་ཆུ་སྟག་ལོའི་ལོ་གསར་རིག་རྩལ་མཚན་ཚོགས་ཀྱི་logoབསྡུ་རུབ་བྱེད་སྒོའི་གསེར་གྱི་རྟགས་མ། 2025ལོར་སྤེལ་བའི་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་བརྒྱད་པར་བྱ་དགའ་ཨང་གསུམ་པ་སོགས་ཐོབ་ཡོད་པ་རེད།
བོད་ཀྱི་རིག་གནས་འཛམ་བུ་གླིང་དུ་ཁྱབ་གདལ་གཏོང་བར་འབད།
མིག་སྔར། ཡ་ཁོ་རེ་ཚོང་རྟགས་འཆར་འགོད་ཚད་ཡོད་ཀུང་སི་དེ་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་སྡེ་ཚན། བོད་ལྗོངས་ལག་རྩལ་སློབ་གླིང་གི་ཤེས་ལྡན་པའི་དངོས་སྦྱོང་ལས་ཞུགས་རྟེན་གཞི་སོགས་ཡིན་ལ། ཤེས་རིག་བདག་དབང་རྣམ་གྲངས་ཁག་94དང་ཁེ་བེད་བདག་ཐོབ་ཀྱི་བདག་དབང་ལྡན་པའི་རྣམ་གྲངས་1ཡོད་པ་རེད། དེ་བས། འཆར་འགོད་ཀུང་སིའི་ལས་མི་13མང་ཆེ་བ་ནི་སློབ་ཆེན་སློབ་ཐོན་སློབ་མ་ཤ་སྟག་ཡིན་པས། བཀྲ་ཤིས་དཔལ་ལྡན་གྱིས་རང་ཉིད་ཀྱི་དགའ་ཕྱོགས་དེ་ལས་རིགས་ཤིག་ཏུ་གྱུར་བ་ཙམ་མ་ཟད། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཐད་ལའང་རང་ནུས་ཅི་ལྕོགས་ཀྱིས་ལེགས་སྐྱེས་ཕུལ་ཡོད་པ་རེད། བཀྲ་ཤིས་དཔལ་ལྡན་གྱིས། “འཆར་འགོད་ལ་དགའ་ཞེན་ཡོད་པའི་ན་གཞོན་ཚོས་ང་ཚོ་དང་མཉམ་དུ་རང་ཉིད་ཀྱི་ཆེད་ལས་དང་ལག་རྩལ་ལ་བརྟེན་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་དང་དེང་རབས་ཀྱི་འཆར་འགོད་ལག་རྩལ་ཟུང་འབྲེལ་བརྒྱུད། མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་དེང་རབས་ཀྱི་འཛད་སྤྱོད་ལྟ་བ་དང་མཐུན་པའི་ཐོན་རྫས་དེ་བས་མང་བ་བཟོས་ཏེ། བོད་ཀྱི་རིག་གནས་འཕེལ་རྒྱས་དང་དར་སྤེལ་གཏོང་མཁན་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།