རྒྱ་བོད་ཡིག་སྒྱུར་ལས་འཕྲོས་ཏེ་གསར་འགྱུར་གྱི་ཤུགས་རྐྱེན་ཐེབས་ནུས་ཇི་ལྟར་ཆེ་རུ་གཏོང་དགོས་པའི་སྐོར་རགས་ཙམ་གླེང་བ།
གསར་འགྱུར་ནི་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན། མཉམ་སྦྲེལ་དྲ་རྒྱ་སོགས་སུ་ཆ་འཕྲིན་འགོད་པའམ་སྤེལ་བར་བྱེད་པའི་རྩོམ་ལུས་ཤིག་ཡིན་ཞིང་། དེ་ཡང་རང་ལྗོངས་སུ་ཆ་བཞག་ན། གསར་འགྱུར་ཕལ་ཆེ་བ་ནི་ཡིག་སྒྱུར་གྱི་ལམ་ནས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་དང་འབུལ་གྱི་ཡོད་པས། ཡིག་སྒྱུར་གྱི་སྤུས་ཚད་ཡག་ཉེས་དང་གསར་འགྱུར་གྱི་ཤུགས་རྐྱེན་ཐེབས་ནུས་དབར་ལ་ཐད་ཀའི་འབྲེལ་བ་ཡོད། དེར་བརྟེན། གསར་འགྱུར་གྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་དགོས་ན། ལོ་ཙཱ་བས་ཆབ་ཆོབ་བཅོ་བརྒྱད་རྒྱུད་ལ་འཇགས་པར་བྱེད་དགོས་མ་ཟད། ལྷག་དོན་གཤམ་གྱི་གནད་དོན་དག་ལ་གཙིགས་མཐོང་བྱེད་དགོས་པར་སེམས།
གཅིག ལོ་ཙཱ་བའི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་གཏོང་དགོས།
ཚན་རྩལ་དང་ཆ་འཕྲིན་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བཞིན་པའི་དེང་གི་ཆར་ཐ་སྙད་གསར་པ་ཡང་ཆར་ཤུལ་གྱི་སྤང་ལ་ཤ་མོ་བརྡོལ་བ་ལྟར་ཐོན་དང་འཐོན་བཞིན་ཡོད། དེས་ན་ལོ་ཙཱ་བས་ནམ་ཞག་རྒྱུན་དུ་ནས་ཐ་སྙད་གསར་པ་སྒྱུར་སྟངས་ཁོང་དུ་ཆུད་པར་བྱས་པའི་ཁར། ཐ་སྙད་གསར་པ་དེ་དང་འབྲེལ་བའི་ལག་རྩལ་གསར་པ་དང་། བསམ་བློ་གསར་པ། རིག་གནས་གསར་པ་སོགས་ལ་མ་མཐར་ཡང་རྒྱུས་མངའ་རགས་ཙམ་ལོན་པ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས། གང་ལགས་ཤེ་ན། སྐུ་ཞབས་ཝང་ཛོའི་ལེང་གིས་གསུངས་པ་ཇི་བཞིན། ལོ་ཙཱ་བས་སྒྱུར་བར་བྱེད་པའི་ཡུལ་ནི་མིང་རེ་གཉིས་ཡིན་ན་ཡང་། གང་འདིར་འཕྲད་པ་ནི་རིག་གནས་གཉིས་ཀྱི་ཁྱད་པར་ལས་བྱུང་བའི་གནད་དོན་ཞིག་ཡིན་པས་སོ། དཔེར་ན། “农村土地三权分置”ཞེས་པ“གྲོང་གསེབ་ས་ཆའི་དབང་གསུམ་གསལ་འབྱེད”དུ་བཀས་བཅད་ཡོད་པ་ང་ཚོས་ཤེས་རུང་། ཡིག་སྒྱུར་གྱི་ལམ་དུ་ཞུགས་དུས་ཐ་སྙད་འདི་དང་འབྲེལ་བའི་གྲོང་གསེབ་ཀྱི་ས་ཆའི་དབང་གསུམ་ཟེར་བ་ཡང་སྙིང་གང་དང་གང་ལ་ཟེར་བ་དང་། གྲོང་གསེབ་ཀྱི་ས་ཆ་དང་འབྲེལ་བའི་སྲིད་ཇུས་སོགས་ལ་ཤེས་རྟོགས་རགས་ཙམ་མ་བྱས་ན། འགྱུར་ཚིག་ཁ་གསལ་ཞིང་གོ་བདེ་བ་ཞིག་ཡོང་རྒྱུ་ལྟ་ཅི། སྐབས་རེ་ཐ་སྙད་མཁྲེགས་ཤིང་རེངས་པོར་གྱུར་བས་ལོ་ཙཱའི་དམིགས་ཡུལ་འགྲུབ་རྒྱུ་ནི་ཅུང་དཀའ་ཙམ་རེད་སྙམ། དེས་ན། གོང་དུ་ཞུས་པ་ལྟར་གསར་འགྱུར་གྱི་བརྗོད་བྱ་གང་དང་ཅི་ཡང་ཡོང་ངེས་པས། ལོ་ཙཱའི་ལག་ལེན་ཁྲོད་དུ་ལོ་ཙཱ་བར་བསྒྱུར་བྱའི་ནང་དོན་ལོ་རྒྱུས་དང་། རྩོམ་ཡིག ཆབ་སྲིད། ས་ཁམས་སོགས་འདྲ་མིན་སྣ་ཚོགས་མི་འཕྲད་ཅི་ལ་སྲིད། གལ་ཏེ་གང་ལ་གང་འཚམ་གྱི་ཤེས་བྱ་ཕྲན་བུ་མེད་པ་ན། ལོ་ཙཱ་བས་དར་བ་ཕྱུ་ཁུར་གཏོང་བ་དང་། ར་མགོ་ལུག་ལ་སྦྱོར་བ། གསེར་སྐུ་རག་ལ་གཏོང་བ་སོགས་བྱེད་ཉེན་ཡོད། དེར་བརྟེན། རྒྱ་ཆེའི་ལོ་ཙཱ་བ་ཚོས་རང་ཉིད་ཀྱི་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པ་ངོས་འཛིན་གསལ་པོ་བྱེད་དགོས།
གཉིས། མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་གང་ཐུབ་བྱེད་དགོས།
ཚང་མས་ཤེས་གསལ་ལྟར། རང་ཅག་བོད་ལྗོངས་ལ་ཆ་མཚོན་ན། གསར་འགྱུར་ཡིག་སྒྱུར་གྱི་ཞབས་འདེགས་ཞུ་ཡུལ་ནི་མ་ཡིག་མ་ཤེས་པའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རེད། དེར་བརྟེན། ཚལ་ལ་བལྟས་ནས་ཟས་ཟ་བ་དང་ལུས་ལ་དཔགས་ནས་གོས་འཚེམ་པའི་དཔེ་ལྟར་ལོ་ཙཱ་བས་ཞབས་འདེགས་ཞུ་ཡུལ་གྱི་བསམ་བློ་གཏོང་སྟངས་དང་རིག་གནས་ཆུ་ཚད་སོགས་ལ་བལྟོས་ནས་མིང་ཚིག་བདམས་ཏེ་ཡིག་སྒྱུར་གྱི་ལམ་དུ་ཞུགས་དགོས། ཡིན་ནའང་། དེང་གི་ཆར་རང་རེའི་ལོ་ཙཱ་བ་འགའ་རེས་གཞུང་དོན་ཁང་དུ་ཡིག་སྒྱུར་བྱེད་པ་ལས་མང་ཚོགས་དང་འབྲེལ་འདྲིས་དེ་ཙམ་མང་པོ་བྱེད་ཀྱི་མེད་སྟབས། མང་ཚོགས་ཀྱི་སྐད་ལུགས་དང་ཐོན་སྐྱེད་འཚོ་བ་སོགས་ལ་རྒྱུས་མངའ་དེ་ཙམ་ལོན་ཐུབ་ཀྱི་མེད་པས། དཔེར་ན། ལོ་ཙཱ་བ་འགའ་རེས་ཚིག་མཛོད་ཁོ་ནར་གཞི་བཅོལ་ནས། “监控”ཞེས་པ“ལྡིར་སོ་སྤྲོས་ཆས”དང་། “户长”ཞེས་པ“དུད་སྦྲེལ་སྤྱི་མི”ཞེས་པར་སྒྱུར་རྐྱང་བྱེད་ཀྱི་ཡོད་ལ། འདི་ལྟར་ཡིན་ཤག་ཤག་བྱེད་ཀྱི་ཡོད། ཡིན་ནའང་། རྣམ་ཀུན་འཚོ་བའི་ནང“监控” ལ“གློག་མིག”དང་། “户长”ལ“བཅུ་དཔོན”ཞེས་མང་ཚོགས་ཚོའི་ཁ་ན་རླུང་ལྟར་གྲགས་བཞིན་ཡོད་པ་ཤེས་ཀྱི་མེད། འདི་ལྟར་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱིས་མང་ཚོགས་ཀྱི་སྐད་ལུགས་མ་ཤེས་པའི་དབང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བར་བཀག་རྒྱ་ངེས་ཅན་བཟོ་བཞིན་ཡོད། དེ་བཞིན། གཞི་རིམ་མང་ཚོགས་ཀྱི་འཚོ་བ་མཚོན་པའི་རྩོམ་ཡིག་སྒྱུར་དུས། ལོ་ཙཱ་བ་འགའ་རེར་རྟག་ཏུ་ཐ་སྙད་མ་འདང་བ་དང་བསྒྱུར་བྱའི་ཡུལ་དང་རྒྱང་ཐག་རིང་པོ་ཆོད་པའི་སྣང་བ་ཡོང་གི་ཡོད། གནས་ཚུལ་དེ་འདྲའི་འོག་འགྱུར་སྤུས་ལེགས་པོ་ཞིག་རྒྱུན་འཁྱོངས་ཐུབ་བམ་ཞེ་ན། ཁོ་མོས་བལྟས་ན་དཀའ་ཙམ་རེད་སྙམ། དེར་བརྟེན། ནམ་རྒྱུན་མང་ཚོགས་དང་འབྲེལ་འདྲིས་མང་ཙམ་བྱས་ནས་མང་ཚོགས་ཀྱི་སྐད་ལུགས་ལ་དོ་སྣང་ཆེན་པོས་ཉམས་ཞིབ་དང་བཅས་སྐད་ཆ་འདྲི་བ་དང་ཟིན་བྲིས་རྒྱག་པ་སོགས་བྱེད་དགོས་ལ། དེ་དག་ལག་ལེན་དུ་འཁྱོལ་གང་ཐུབ་བྱེད་དགོས། དེ་ལྟར་བྱས་ཙ་ན། གཞི་ནས་ལོ་ཙཱ་བའི་བསྒྱུར་ཡིག་གིས་ཞབས་འདེགས་ཞུ་ཡུལ་དུ་གྱུར་པའི་མང་ཚོགས་ལ་རིག་གནས་དང་གསར་འགྱུར་སོགས་ཤེས་རྟོགས་བྱེད་པར་འབྲེལ་ཟམ་ཞིག་འཛུགས་ཐུབ་ངེས་རེད།
གསུམ། སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་མང་ཙམ་བྱེད་དགོས།
རང་ལྗོངས་སུ་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་དང་། སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་མང་པོ་ཡོད། ད་དུང་། སྲོལ་རྒྱུན་བྱེད་སྒོ་ཁག་གཅིག་ནི་ལོ་ལྟར་སྤེལ་གྱི་ཡོད་པས། ལོ་ཙཱ་བར་དེའི་ཐད་ཀྱི་བསྒྱུར་བྱའི་ནང་དོན་མང་པོ་འཕྲད་སྲིད་པ་ནི་སྨོས་མེད་ཅིག་རེད། དཔེར་ན། ཞོ་སྟོན་ནི་ལོ་ལྟར་གཏོང་བའི་དུས་ཆེན་ཞིག་རེད། ལོ་ཙཱ་བར་ཡང་ཞོ་སྟོན་གྱི་སྐབས་སུ་གང་དེ་བརྗོད་བྱར་བྱས་པའི་རྩོམ་ཡིག་མང་པོ་ཐུག་གི་ཡོད། དེ་ཡང་མ་ཡིག“雪顿节”ཞེས་པ་རྒྱ་ཡིག་ལ་ཐོག་མར་སྒྱུར་སྐབས། གོལ་ས་མི་ཡོང་བའི་ཆེད་དུ་མིང་མཐར“节”ཞེས་སྦྱར་ཡོད་ཅིང་། འདི་ནི་སྒྱུར་བྱེད་ཀྱི་ཀློག་པ་པོར་བལྟོས་ནས་སྦྱར་བ་ཞིག་རེད། ཡིན་ནའང་། སྐབས་བབ“雪顿节”ཞེས་པ་བོད་ཡིག་ལ་ཚུར་སྒྱུར་སྐབས་མིང་མཐའ་ཡང་སྒྱུར་བའི་དགོས་པ་ག་ལ་ཡོད། དོན་དུ་རང་རེའི་ལོ་ཙཱ་བ་འགའ་རེས“ཞོ་སྟོན་དུས་ཆེན”ཞེས་སུ་བསྒྱུར་མཁན་ཡོད། ཁོ་མོས་དབྱེ་ཞིབ་བྱས་པར་གཞིགས་ན། འདི་ནི་ཡིག་སྒྱུར་གྱི་ཚད་གཞི་ཡང་དག་པ་ཞིག་མ་བཟུང་བའམ་ཡང་ན་ལོ་ཙཱ་བས་དམངས་སྲོལ་སོགས་ལ་དོ་སྣང་མི་འདང་བའི་དབང་གིས་སྦྲུལ་ལ་རྐང་ལག་འབྲི་བའི་རྒྱུར་སོང་བར་སེམས། དེ་དང་འདྲ་བར། “斜拉山隧道”ཞེས་པ་སྒྱུར་སྐབས་ཀྱང་གནད་དོན་འདི་འདྲ་ཐོན་བཞིན་འདུག འདིར་ཡིག་རྫོབ་ལ་འཇིགས་ནས་རྒྱས་བཤད་ཀྱི་ངལ་བ་ལྷུར་མ་བླངས། གང་ལྟར་ཐ་སྙད་འདི་ལྟ་བུ་སྒྱུར་སྐབས་གསལ་བཤད་ཀྱི་ཚུལ་དུ་སྦྱར་བའི་མིང་མཐའ་དོར་ནས། ཞོ་སྟོན་དང་ཤེལ་ལའི་ཕུག་ལམ་ཞེས་པར་བསྒྱུར་ན་མི་འགྲིག་པ་མི་འདུག་སྙམ། ཡང་གཅིག་བཤད་ན། གནད་དོན་འདི་དང་འདི་འདྲ་བ་མ་ཐོན་པ་བྱེད་དགོས་ན། རྒྱ་ཆེའི་ལོ་ཙཱ་བ་ཚོས་ངེས་པར་དུ་སྲོལ་རྒྱུན་རིག་གནས་དང་། དམངས་སྲོལ། ཆོས་ལུགས་ཀྱི་བྱེད་སྒོ་སོགས་སྐོར་གྱི་དཔེ་དེབ་མང་ཙམ་ལྟ་བ་དང་ཡུལ་དངོས་སུ་བསྐྱོད་ནས་ཤེས་རྟོགས་མང་ཙམ་བྱེད་པ། དེ་དག་སྐོར་གྱི་ཐ་སྙད་མང་ཙམ་བློ་ལ་ཆུད་པ་བཅས་བྱེད་དགོས། དེ་ཡང་སྲོལ་རྒྱུན་རིག་གནས་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པས། ལམ་སེང་སློབ་སྦྱོང་བྱེད་ཐུབ་ཐབས་མེད། རྣམ་ཀུན་ནས་དེའི་སྐོར་ལ་དོ་སྣང་མང་ཙམ་བྱེད་པའི་རྨང་གཞིའི་ཐོག 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》དང་། 《དབུས་གཙང་གནས་ཡིག》 《ཐུའུ་བཀྭན་གྲུབ་མཐའ》 《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས》 《སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་ཅེས་བྱ་བ་བཞུགས་སོ》སོགས་ལོ་རྒྱུས་དང་། གནས་ཡིག དམངས་སྲོལ། ཆོས་ལུགས་སོགས་ཀྱི་དཔེ་དེབ་ལ་བརྟེན་ནས། ཐོས་པ་བསགས་པ་ཡིན་ཙ་ན། ཚེགས་ཆུང་དོན་ཆེའི་ཕན་འབྲས་ཐོན་ངེས་ཡིན་པ་ཁོ་མོར་ཡིད་ཆེས་བརྟན་པོ་ཡོད།
མདོར་ན། བརྒྱ་བཤད་སྟོང་བཤད་བྱས་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པའི་དཔེ་ལྟར། གསར་འགྱུར་གྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་དགོས་ན། ལོ་ཙཱ་བས་ལྟ་རྒྱ་ཐོས་རྒྱ་ཆེ་རུ་གཏོང་དགོས་དང་། འཚོ་བ་དངོས་ནང་ཟབ་འཇུག་གིས་མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་གང་ཐུབ་བྱེད་དགོས་མ་ཟད། སྲོལ་རྒྱུན་རིག་གནས་དང་གནའ་ཤུལ་གྲགས་ཅན་སྐོར་ཤེས་རྟོགས་མང་ཙམ་བྱེད་དགོས། དེ་ལྟར་བྱས་པ་ན། གཞི་ནས་ཡིག་སྒྱུར་གྱི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་གང་ལེགས་འདོན་ཐུབ་ལ། གསར་འགྱུར་གྱི་ཤུགས་རྐྱེན་ཐེབས་ནུས་ཀྱང་ངང་གིས་ཆེ་རུ་གཏོང་ཐུབ་སྟེ། མང་ཚོགས་ལ་སྲིད་ཇུས་དྲིལ་བསྒྲགས་དང་ཆ་འཕྲིན་བརྒྱུད་སྤེལ་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་ཐུབ་ངེས་རེད།
(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས། བསྟན་འཛིན་གཡུ་སྒྲོན)
འབྲེལ་ཡོད་གསར་འགྱུར།