མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་ཚོགས་ཤིག་འགྲེམས་སྤེལ་བྱས་འདུག
《རི་བོ་ཆེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག》དཔེ་ཚོགས་འགྲེམས་སྤེལ་དང་དཔེ་དེབ་ཞལ་འདེབས་སུ་འབུལ་བའི་མཛད་སྒོ་ལྷ་སར་འཚོགས་པ།
2026ལོའི་ཟླ་5ཚེས་16ཉིན་གྱི་ཕྱི་དྲོར། ཡིག་འབྲུ་ཁྲི་55ཡི་བདག་ཉིད་ཅན་གྱི《རི་བོ་ཆེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག》དཔེ་ཚོགས(དེབ་1ནས་3བར)འགྲེམས་སྤེལ་དང་དཔེ་དེབ་ཞལ་འདེབས་སུ་འབུལ་བའི་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་དང་། དཔེ་ཚོགས་ཀྱི་བསྡུ་སྒྲིག་པ། ཚན་ཞིབ་རིག་སློབ་ཚན་པ། གཞུང་ཕྱོགས་གསར་འགྱུར་གྱི་འཐུས་མི་བཅས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་གཏོགས་པའི་རྒྱ་བོད་ཤན་སྦྱར་གྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས་དངོས་སུ་བཏོན་པར་རྟེན་འབྲེལ་ཞུས་པ་རེད།

དམངས་ཁྲོད་རྩོམ་རིག་མྱུར་སྐྱོབ་དང་སྲུང་སྐྱོབ་ཡག་པོ་བྱེད་ཆེད། རི་བོ་ཆེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་2022ལོར་དཔེ་ཚོགས་བསྡུ་སྒྲིག་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། དཔེ་ཚོགས་འདིར་དམངས་ཁྲོད་གཏམ་རྒྱུད་དང་། གཏམ་དཔེ། དམངས་གཞས་བཅས་པོད་གསུམ་འདུས་པས། ལོ་རྒྱུས་ཀྱི་དཔྱད་གཞིའི་རང་བཞིན་དང་། རྩོམ་རིག་གི་རང་བཞིན། ཚན་རིག་ཁྱབ་གདལ་གྱི་རང་བཞིན་བཅས་གལ་ཆེན་ལྡན་ཡོད། དཔེ་ཚོགས་ནང་ས་གནས་དེ་གའི་ཡུལ་སྐད་གྱི་ཁྱད་ཆོས་རང་སོར་བཞག་པའི་རྨང་གཞིའི་ཐོག བརྗོད་དོན་དེ་བས་ཁ་གསལ་ཡོང་ཕྱིར་དཔེ་ཚོགས་ཀྱི་དངོས་གཞིའི་ནང་དོན་ཕུད། ས་གནས་དེ་གའི་པར་ལེན་མཁས་ཅན་གྱི་པར་རིས་བརྩམས་ཆོས་ཀྱང་བཀོད་ཡོད་པ་རེད།

དཔེ་ཚོགས་འདིར་རིག་གནས་ལས་དོན་པ་མི་རབས་ཁ་ཤས་ཀྱི་སེམས་ནུས་འདུས་ཡོད་པ་དང་བསྡུ་སྒྲིག་གི་ལས་དོན་ཧྲིལ་པོར་དུས་རིམ་ཁག་མི་འདྲ་བ་བཞི་བརྒྱུད་ཡོད། བསྡུ་སྒྲིག་པས་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་མཁས་དབང་གདན་ཞུས་ཀྱིས་རྩོམ་སྒྲིག་བྱས་པ་དང་། དམངས་ཁྲོད་སྒྱུ་རྩལ་པ་ཧུར་བརྩོན་ཆེན་པོས་ཞུགས་ནས་ཐོག་མའི་དཔྱད་གཞི་གོ་རིམ་ལྡན་པའི་ངང་ལེགས་སྒྲིག་དང་། རིགས་དབྱེ། ཞུ་དག མཆན་འགྲེལ་བཅས་བྱས་པ་མ་ཟད། ད་དུང་རིག་གཞུང་གི་མཐོ་ཚད་ནས་རི་བོ་ཆེའི་ས་ཁོངས་ཀྱི་ངག་ཐོག་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་རིན་ཐང་ལ་འགྲེལ་བཤད་དང་། ངག་ཐོག་རྩོམ་རིག་ཤོད་མཁན་དང་བསྡུ་སྒྲིག་པའི་འབྲེལ་ཡོད་ཆ་འཕྲིན་བཀོད་ནས་ཁོང་ཚོའི་ངལ་བ་ལྷུར་ལེན་གྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཡོད།

འགྲེམས་སྤེལ་མཛད་སྒོར་དཔེ་ཚོགས་ཀྱི་བློ་འདྲི་ཡུལ་སྐལ་བཟང་རྣམ་རྒྱལ་གྱིས་དམངས་ཁྲོད་རྩོམ་རིག་དེ་དག་བསྡུ་སྒྲིག་དང་ཡོངས་བཤེར་འཚོལ་བསྡུ་བྱས་ཚུལ་གྱི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་། པོད་གསུམ་གྱི་གཙོ་སྒྲིག་པས་བསྡུ་སྒྲིག་དང་། ཞུ་དག མཆན་བཀོད་པའི་སྐོར། རི་བོ་ཆེའི་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་དང་རིག་གཞུང་རིན་ཐང་གསལ་འགྲེལ་བྱས་པ་རེད། ཚོགས་འདུར་ཞུགས་པའི་རིགས་གཅིག་མཁས་ཅན་གྱིས། དཔེ་ཚོགས་འདིས་ས་ཁོངས་ཀྱི་དམངས་ཁྲོད་རྩོམ་རིག་མ་ལག་ཚད་ལྡན་ངང་བསྡུ་སྒྲིག་བྱེད་པའི་སྟོང་ཆ་བསྐངས་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞིབ་འཇུག་ལ་རྩ་ཆེའི་ཚད་ལྡན་ཡིག་ཆ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད། དཔེ་དེབ་ཞལ་འདེབས་འབུལ་བའི་གོ་རིམ་ཁྲོད་དུ་བསྡུ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་སོགས་ཚན་པ་11ལ་དཔེ་ཚོགས་ཞལ་འདེབས་ཕུལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་རི་བོ་ཆེ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། གོམ་སྟབས་རྗེས་མར་རྫོང་དེས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་གཏོད་རང་བཞིན་གྱི་སྒྱུར་བཅོས་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་མཐུད་འཕེལ་རྒྱས་ཐད་ལ་ནུས་ཤུགས་འདོན་རྒྱུ་རེད། གསར་འགོད་པ། དབང་སྒྲོན་སྐྱིད། རིན་ཆེན། མཚམས་གཅོད།
འབྲེལ་ཡོད་གསར་འགྱུར།