སྒྲུང་འབྲིང《ཡ་ང་བའི་སྐྱ་རེངས》དང《རླུང་ནག་འཚུབ་མ》གཉིས་ཀྱི་གཤིབ་བསྡུར་ཕྲན་བུ།
དང་པོ། མི་སྣ་གསར་བཞེངས་དཔེ་མཚོན་ཅན་དུ་གྲུབ་མིན་དང་སྣང་བརྙན་སྐོར།
དཔེ་མཚོན་ཅན་གྱི་མི་སྣ་གསར་བཞེངས་བྱེད་པ་ནི་བརྩམས་སྒྲུང་གི་ཁྱད་ཆོས་གཙོ་བོར་ངེས་ཤིང་། དོར་ཞི་གདོང་དྲུག་སྙེམས་བློས《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས》སུ། “དབང་པོའི་ཡུལ་དང་དབང་ཡུལ་ལས་འདས་པའི། །བརྗོད་བྱའི་དོན་གྱི་སྣང་བརྙན་མངོན་སུམ་བཞིན། །བློ་ཡི་མེ་ལོང་ངོས་ལ་གསལ་སིང་ངེར། །འགོད་པའི་རྩོམ་སྟངས་རྩོམ་རིག་ཀུན་གྱི་སྲོག །”ཅེས་པ་ལྟར། ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང《ཡ་ང་བའི་སྐྱ་རེངས》དང《རླུང་ནག་འཚུབ་མ》གཉིས་ཀྱི་སྣང་བརྙན་གསར་བཞེངས་ཐད་ཀྱི་མི་སྣའི་ཕྱིའི་རྣམ་པ་གསར་བཞེངས་དང་ནང་གཤིས་ཀ་མངོན་མཚོན་ལ་སོ་སོར་ཁྱད་ཆོས་མི་འདྲ་བ་ཡོད་པ་འདི་ལྟར་ཏེ།
གཅིག མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲིའི་ཐད་ཀྱི་ཁྱད་པར།
《རླུང་ནག་འཚུབ་མ》རུ་དྲང་ཕྱོགས་མི་སྣ“རླུང་ནག་འཚུབ་མ”ནི“མདོ་དབུས་མཐོ་སྒང་གི་འགྲོ་བ་ཕལ་ཆེར་དང་འདྲ་བར་ཤ་མདོག་ནག་ལ་སྔོ་ཤས་ཆེ་བ་ལས་ནག་ཅིང་སྟུག་པའི་སྐྲ་ལོ་རིང་པོ་སོག་འདབས་བར་བཞག་ཡོད་པ་དང་། སྐམ་ཞིང་རིད་པའི་ངོ་སྨད་ལ་ད་དུང་ཁ་སྤུ་ཐར་ཐོར་རེ་སྐྱེས་ཡོད། ལུས་ཀྱི་ཆ་ཤས་ཡོད་ཚད་ལས་ཡོངས་སུ་སྨིན་ཡོད་པ་ནི་སྦོམ་ཞིང་ཆེ་བའི་ངལ་རྩོལ་པའི་ལག་པ་ཟུང་ཞིག་ཡོད་པ་དེ་རེད”ཅེས་པ་ལས་མི་སྣ་གཙོ་བོ་དེའི་ཕྱིའི་རྣམ་པ་རགས་ཙམ་མངོན་ཏེ། ཁ་སྤུ་ཐར་ཐོར་རེ་སྐྱེས་པའི་གཞོན་ནུ་ཞིག་གི་ཚུགས་ཀ་གསར་བཞེངས་བྱས་པ་སྔོན་དུ་སོང་ཐོག གཞོན་ནུ་དེ་ལང་ཚོ་སྨིན་རྗེས་མཛའ་གྲོགས་བྲལ་བའི་སྡུག་བསྔལ་གྱིས“ཁོའི་སྐེ་ནས་འགྲམ་པའི་བར་དུ་སྦོམ་ཞིང་ནག་ལ་འཛིངས་ཤིང་སྟུག་པ། རིང་ཐུང་མཉམ་པའི་ཁ་སྤུས་ཁེངས་ཡོད་པ་དང་། མིག་ཟུང་ནི་དགའ་མ་ཤོར་བའི་གཅན་གཟན་ཁེར་འདུག་ཅིག་དང་འདྲ་བར་སྡུག་བསྔལ་དང་ཞེ་སྡང་གིས་ཁེངས”ཞེས་བྲིས་པ་ནི་མི་སྣའི་ཕྱིའི་རྣམ་པ་སྒྲུང་གི་བྱུང་རིམ་དང་བསྟུན་ནས་འཕེལ་འགྱུར་བྱུང་བ་ཡིན། འོན་ཀྱང་། 《ཡ་ང་བའི་སྐྱ་རེངས》སུ་དྲང་ཕྱོགས་མི་སྣའི་ཕྱིའི་རྣམ་པ་ནི་དེ་ལྟ་བུའི་གསོན་ཉམས་མེད་དེ། ང་ཚོས་ཚོར་ཐུབ་པ་ནི་དཔལ་བཟང་ནི་ལུས་ཤ་རྒྱགས་ཙམ་དང་། མཛངས་ཤིང་དཔའ་བ་ཞིག ནོར་བུ་ནི་རིད་པ་དང་། གླེན་ཞིང་དཔའ་བ་ཞིག་ཡིན་པའི་མག་མོག་གི་སྣང་བརྙན་དེ་ཙམ་མོ།
དེ་ལྟར་ན་ཡང་། ལྡོག་ཕྱོགས་མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲིའི་ཐད་ལ《ཡ་ང་བའི་སྐྱ་རེངས》ནི《རླུང་ནག་འཚུབ་མ》ལས་ལེགས་པར་མཐོང་སྟེ། དེ་རུ། “ཐུབ་བསྟན་ཉི་མ་ད་ལྟ་ལོ་བཞི་བཅུ་ཙམ་ཡིན་ལ་གནག་ཅིང་སྣུམ་པའི་རལ་པ་ཞིག་བསླས་ཤིང་ཁ་སྤུ་མེད་པར་ཁ་ངོ་གཙང་མར་བཀྲུས་ཡོད། ཁོའི་འཇོང་ཞིང་སྨུག་པའི་གདོང་ན་སྒོར་ཞིང་ཆེ་བའི་མིག་ཟུང་ཡོད་པ་དང་ཤ་གནད་རྒྱས་ཤིང་གཟུགས་པོ་རིང་བ། ཕར་བལྟས་པ་ཙམ་གྱིས་མིའི་སེམས་ལ‘ཁྱོད་ནི་དཔོན་པོ་མིན་རུང་དཔོན་པོ་རེད’སྙམ་པའི་སྣང་བ་སྟེར་བ་ཞིག་ཡིན་ནའང་རྒྱུན་པར་ལུས་སྟོད་ཉི་མར་བསྲོས་པས་ཤ་མདོག་ནག་པོར་གྱུར་ཏེ་སྟེང་ནས་ལྡོག་འོད་འཕྲོ་བཞིན་འདུག ཁོ་ལ་ཚི་ལེན་གོན་པའི་ཆ་རྐྱེན་མེད་པ་གང་ནས་ཡིན། སེར་སྣའི་དབང་གིས་གོན་མ་ཕོད་པའང་གཏན་ནས་མིན་པར་གོམས་སྲོལ་ཞིག་གིས་གཞན་དུ་འགྲོ་དུས་མ་གཏོགས་ཚི་ལེན་གཏན་ནས་མི་གོན། གལ་ཏེ་གཞན་ལ་འགྲོ་དགོས་ཚེ་ཁོས་གོང་བ་དང་ཕུ་ཐུང་ཁར་ཚིལ་དྲེག་ཆག་ནའང་རྒྱུ་སྤུས་ཤིན་ཏུ་བཟང་བའི་ཚི་ལེན་སྨུག་ནག་ཅིག་གོན་ལ། དེ་དུས་ཁོ་ནི་རུ་གོང་ཞོལ་བར་གསུམ་གྱི་སྐྱེས་པ་རྣམས་ཀྱི་ནང་ཚི་ལེན་གོན་པའི་མི་གཅིག་པུ་དེ་ཡིན”ཞེས་ཞིབ་འབྲི་བྱས་པ་ལས། ཀློག་པ་པོས་ཐུབ་བསྟན་ཉི་མ་ནི་འཚོ་བ་བག་ཡངས་ཡིན་མོད། ཁོ་ནི་ངོམ་སོར་མི་དགའ་བར་དོན་དུ་སེར་སྣས་བཅིངས་པའི་མི་ཞིག་ཡིན་པ་ཚོར་ཐུབ། དེ་དང་བསྡུར་ན《རླུང་ནག་འཚུབ་མ》རུ་ལྡོག་ཕྱོགས་མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲི་ཅུང་མག་མོག་ཡིན།
གཉིས། མི་སྣའི་གཤིས་ཀ་མངོན་མཚོན་གྱི་འདྲ་ཆོས།
(༡) ལེབ་གཟུགས་ཅན་གྱི་དྲང་ཕྱོགས་མི་སྣ།
《ཡ་ང་བའི་སྐྱ་རེངས》དང《རླུང་ནག་འཚུབ་མ》གཉིས་ཀྱི་དྲང་ཕྱོགས་མི་སྣའི་གཤིས་ཀ་མངོན་མཚོན་དེ་ཙམ་ཕུན་སུམ་ཚོགས་པོ་བྱུང་མེད། 《ཡ་ང་བའི་སྐྱ་རེངས》ནང་རྡོ་རྗེ་དང་བཅས་པས་ཐུབ་བསྟན་ཉི་མའི་ནང་མི་གསོད་རྩིས་བྱས་པར་དཔལ་བཟང་གིས“ཆུང་མ་དང་ཞི་ལིར་ཉེས་པ་ཅི་ཡོད། གསོད་དགོས་དོན་མེད”ཅེས་དང་། 《རླུང་ནག་འཚུབ་མ》རུ“མི་རྩལ་ཆེན་དེར་གློ་བུར་དུ་ཞེ་སྡང་དང་སྤོབས་པ་མཉམ་དུ་སྐྱེས་ནས‘ང་རང་ཤ་འཁོན་རྩོད་དུ་ཡོང་བ་ཡིན། འོན་ཀྱང་ངས་ཁྱོད་གསོད་ཐུབ་ཀྱི་མ་རེད། དེས་ན་ཁྱོད་ཀྱིས་ང་ཡང་གསོད་དགོས། དེ་མིན་ན་ང་རང་ཕྱིར་འགྲོ་སྲོལ་མེད’ཟེར་ནས་མདུན་ལ་ནུར”བ་ན། “‘འོ། དེ་འདྲ་ཡིན་ན་ཁྱོད་ལ་ཁག་མེད་མོད། ངས་ངོ་མ་རྩེ་གཞུང་སྡེ་པའི་མི་མང་པོ་གསོད་དུ་འཇུག་འདོད་མེད། གང་ལྟར་མི་བསད་ན་སྟོང་འཇལ་དགོས་པ་དེ་འཇིག་རྟེན་ཆོས་ཉིད་ཡིན’ཟེར་ཞོར་ཏ་ལེན་ནང་ལ་ལག་པ་བསྲིངས་ཏེ་སྲང་ལྔ་བཅུ་ཅན་གྱི་དངུལ་རྟ་རྨིག་མ་གཉིས་བླངས་ནས་ས་ལ་གཡུགས་རྗེས། ‘ཁྱོད་ཀྱིས་ཁྱོད་ཚོའི་སྡེ་པའི་མི་རྣམས་ལ་དོན་དག་འདི་སྟོང་དཔོན་དང་ངེད་གཉིས་དབར་གྱི་ཡིན་པས་གཞན་རྣམས་འདིའི་ཁྲོད་དུ་འཆི་དོན་མེད་པ་དང་། སྔར་ཤི་ཟིན་པ་རྣམས་ལ་གོ་སྐབས་ལྡན་ན་ངས་མི་སྟོང་འཇལ་ངེས་ཡིན་ཞེས་བཤད་རོགས’”ཞེས་པའི་སྐད་ཆས་མཚོན། སྒྲུང་ཚན་དེ་གཉིས་ཀྱི་མི་སྣ་གཙོ་བོའི་གཤིས་ཀ་ནི་གཞུང་རྒྱུད་དྲང་ཞིང་ལ་རྒྱ་ཆེ་བའི་སེམས་གཤིས་རྒྱ་བསྐྱེད་དེ་གྲུབ་པར་མངོན། དེ་གཉིས་ཀྱི་གཤིས་ཀར་མི་དགེ་བའི་ཕྱོགས་ཉུང་ཞིང་། ལྷག་པར“རླུང་ནག་འཚུབ་མ”ནི་ཕོ་རྩལ་སྣ་དགུ་མ་ལུས་འཛོམས་པ་ལྟར་གསར་བཞེངས་བྱས་པའི་མི་སྣ་དེ་ནི་ཝེ་ལི་ཁི་ཡི《རྩོམ་རིག་གཞུང་ལུགས》སུ་འཁོད་པ་ལྟར། “མི་སྣའི་སྣང་བརྙན་རབ་བཏགས་ཅན་ནམ་སྤྱི་མཚན་ཅན་གྱི་ཕུགས་རེའི་རྣམ་པར་གྱུར”ཞེས་པ་ལྟར་སྣང་བས། དེས་བརྩམས་སྒྲུང་ཡོངས་ཀྱི་སྒྱུ་རྩལ་བདེན་པ་ལ་སྐྱོན་བྱུང་བར་འདོད།
(༢) ཟླུམ་གཟུགས་ཅན་གྱི་ལྡོག་ཕྱོགས་མི་སྣ།
ལྷ་ཕྱུག་སྐྱིད་ཀྱིས་གཙོ་སྒྲིག་བྱས་པའི《རྩོམ་རིག་སྤྱི་རྣམ》དུ། “འཚོ་བའི་ནང་གི་མི་དགེ་བའི་བྱ་བ་དང་དམེ་ཞིང་བཙོག་པའི་དངོས་པོ་རྣམས་མངོན་སུམ་དུ་མཛེས་པར་མཐོང་དཀའ་ནའང་། རྩོམ་པ་པོས་དེ་རྣམས་ལ་སུན་འབྱིན་དང་དགག་རྒྱག སྒྱུ་རྩལ་གྱི་སྣང་བརྙན་ཞིག་ཏུ་བཞེངས་ན་དེ་ལའང་མཛེས་དཔྱོད་ཀྱི་རིན་ཐང་ལྡན་པར་འགྱུར་བ་ཡིན”ཞེས་པ་ལྟར། སྒྲུང་འབྲིང་དེ་གཉིས་ལ་བལྟས་ཚེ། “བཙོག་ནི་མཛེས”ཡིན་པ་དེ་བས་གསལ་ཏེ། ལྡོག་ཕྱོགས་ཀྱི་མི་སྣ་རྣམས་ནི་གསོན་ཤུགས་ཆེ་ལ་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པ་ཡིན། དཔེར་ན། 《ཡ་ང་བའི་སྐྱ་རེངས》སུ། ཐུབ་བསྟན་ཉི་མས“ཨུན། རེད་ཡ། དེ་ནི་མི་བྱ་ཞིག་མ་རེད། སྤྱིར་ན་ངའང་རུ་གསུམ་དཔོན་པོ་ཡིན་པས་ཁོ་ལ་ཐབས་བཀོད་མེད་པ་མིན་ཡང་། ཁྱོད་ཀྱིས་ལྟོས་དང་། ཁོའི་སྲིང་མོ་ཁྱོད་ཀྱི་ཆུང་མ་རེད། ཁྱོད་ཀྱི་ཕ་རྒན་དང་ངའི་ཕ་རྒན་གཉིས་ཀ་སྐྱེས་ནས་མ་འཆི་བར་དུ་སྤུན་ཟླ་འདྲ་བར་བྱས་ནས་བསྡད། ད་འུ་གཉིས་ཀ་ཤི་བོའི་ཤུལ་གྱི་གསོན་པོ་རེད། དེ་བས་ངས་ཤི་གསོན་གཉིས་ཀར་འདང་ཞིག་བརྒྱབ་ནས་ཁོའི་ལག་ནས་ཁྲལ་ཡང་ལེན་གྱིན་མེད་ནའང་ཁོའི་སེམས་ལ་ཕལ་ཆེར་ང་རང་ཁོ་ལ་སྐྲག་གིན་འདུག་བསམ་བཞིན་ཡོད་པ་འདྲ”ཞེས་པའི་སྐད་ཆ་དང་། “‘ཨ། དཔའ་བོ་ཟེར་བ་ཁྱོད་ཀྱི་ཕ་རྒན་ཡིན’ ཐུབ་བསྟན་ཉི་མས་དམིགས་ཡུལ་མེད་པའི་ཚུལ་གྱིས། ‘ཁོ་རང་ཤི་བའང་རང་ག་བ་ཞིག་དང་ག་ལ་འདྲ། ཇག་པ་བཞི་བསད་ནས་ཤི་སོང་ཟེར”བའི་སྐད་ཆ་དུམ་བུ་གཉིས་ལས། ཐུབ་བསྟན་ཉི་མ་ནི་གཡོ་སྒྱུ་ཆེ་ཞིང་། ཕ་རོལ་ལ་ངར་ཁ་བླུད་དེ་རང་དོན་སྒྲུབ་པར་མཁས་པ་ཞིག་ཡིན་པའི་གཤིས་ཀ་སོགས་མངོན་ཡོད། འོན་ཀྱང་དེ་ལྟ་བུའི་མི་སྣ་ཞིག་ལ་བཟང་པོའི་གཤིས་ཀ་ཡང་ལྡན་ཏེ། “ངས་བཤད་པ་ནི་དཔལ་བཟང་གཅིག་པུ་བཟུང་ནས་ར་བསད་ནས་ལུག་འདར་བ་ཞིག་བྱེད་རྒྱུ་དེ་ཡིན”ཞེས་པ་ལས། ཐུབ་བསྟན་ཉི་མ་ནི་གཤིས་ཀ་སྣ་འཛོམས་ཀྱི་ཟླུམ་གཟུགས་མི་སྣ་ཞིག་ཏུ་གྲུབ་ཡོད། དེ་ཡང་ཁོ་རང་གི་མི་གཤིས་ངན་མཐར་མ་ལྷུང་རུང་ཁེ་ཕན་ཆུང་ཆུང་གི་དོན་དུ་རང་སེམས་ཀྱི་མདུད་པ་མི་གྲོལ་བའི་ཟླུམ་གཟུགས་ཀྱི་གཤིས་ཀ་ཞིག་ཡོད་པ་ནི《ཡ་ང་བའི་སྐྱ་རེངས》གྲུབ་བྱེད་ཀྱི་རྒྱུ་གཙོ་བོར་གྱུར་འདུག་སྙམ། དེ་བཞིན། 《རླུང་ནག་འཚུབ་མ》ལྟ་བུར་མཚོན་ན་ཡང་དྲང་ཕྱོགས་མི་སྣ་གཙོ་བོ་རླུང་ནག་འཚུབ་མའི་རྒྱུད་ཀྱི་མི་གཞི་ནི་ཕུགས་བསམ་རིང་ལུགས་ཀྱི་རྣམ་པར་ཐལ་ཆེ་བའི་སྐྱོན་ལས་ལྡོག་སྟེ། སྟོང་དཔོན་གྱི་གཤིས་ཀ་ནི་འཚོ་བ་དངོས་ཀྱི་མི་གཤིས་དང་མཐུན་ཆེ་ལ། ཁོ་ལ་མི་ཡི་ཆགས་སྲེད་དང་ངན་གཡོ་སོགས་ཀྱི་སྐྱོན་མཚང་མང་ཡང་། རྩོམ་པ་པོས་བརྗོད་པ་ལྟར་འུད་ཤོབ་མི་སྨྲ་བ་དང་། བློ་རིག་རྒོད་པ་སོགས་ཀྱི་དགེ་མཚན་འགའ་ཡང་སྒྲུང་གཏམ་གྱི་གསེང་ལ་ཐིམ་པས་མི་སྣ་དེ་ཉིད་གསོན་ཤུགས་ཇེ་ཆེར་ཕྱིན་ཡོད། རེད་དེ། 《རླུང་ནག་འཚུབ་མའི》ནང་གི་སྟོང་དཔོན་ནི་ཐུབ་བསྟན་ཉི་མ་དང་བསྡུར་ན་སེམས་ཁམས་ཀྱི་འགལ་འདུ་དང་། གཤིས་ཀའི་སྣེ་མང་རང་བཞིན་སོགས་ཀྱི་ཆ་ལ་ཁྱད་ཆོས་དེ་ཙམ་འབུར་དུ་ཐོན་པ་ཞིག་མིན།
གཉིས་པ། ཕྱི་ནང་སྒྲིག་གཞིའི་འདྲ་ཆོས་དང་ཁྱད་པར།
སྒྲིག་གཞི་ལ་དབྱེ་ན་མངོན་ལྐོག་གཉིས་སུ་ཕྱེ་སྟེ། ལྕགས་རྡོར་རྒྱལ་གྱིས《བརྩམས་སྒྲུང་གི་རྩོམ་ལུས་དང་དོན་བརྗོད་སྒྲིག་གཞི་ལ་དཔྱད་པ》རུ། “མངོན་གྱུར་གྱི་སྒྲིག་གཞི་ནི་རྩོམ་ཆོས་རང་ལས་ཁ་རུ་ཁ་ཐུག་གིས་རྙེད་ཐུབ་པ་ཞིག་དང་། ལྐོག་གྱུར་གྱི་སྒྲིག་གཞི་ནི་མངོན་གྱུར་གྱི་སྒྲིག་གཞི་དེའི་རྩ་བའི་འབྱུང་ཁུངས་གང་ཡིན་རྙེད་པར་བྱ་བ་དེ་ཡིན་པས་ན”ཞེས་པ་ལྟར། 《ཡ་ང་བའི་སྐྱ་རེངས》ཀྱི་མངོན་གྱུར་སྒྲིག་གཞི་ནི་རྟ་རྐྱང་ནག་བོར་བ(དོན་རྐྱེན)——ཐུབ་བསྟན་ཉི་མས་ར་མདའ་བཏང་བ(ཐག་གཅོད)——ཐུབ་བསྟན་ཉི་མ་དཔལ་བཟང་གིས་བསད་པ(མཇུག་འབྲས)བཅས་དང་། 《རླུང་ནག་འཚུབ་མ》ལ་ཡང་། མོ་ཕ་ཡིས་སྟོང་དཔོན་ལ་སྤྲད་པ(དོན་རྐྱེན)——མོ“ཁོ”དང་ལྷན་དུ་གསང་བྲོས་བརྩམས་པ(ཐག་གཅོད)——མཐར་མོ་སྟོང་དཔོན་གྱི་བཟའ་ཟླ་བྱས་པ(མཇུག་འབྲས)བཅས་བཀོད་སྒྲིག་བྱས་པ་ནི་བརྩམས་ཆོས་གཉིས་ཀྱི་འདྲ་བའི་ཆ་ཡིན་ཏེ། གཉིས་ཀ་དོན་རྐྱེན་གཅིག་ནས་སྒྲིག་གཞི་རྒྱ་བསྐྱེད་ཡོད། འོན་ཏེ་དེ་གཉིས་ཀྱི་ལྐོག་གྱུར་སྒྲིག་གཞི་ཐ་དད་ཡིན་ཏེ། 《ཡ་ང་བའི་སྐྱ་རེངས》ཀྱི་རྒྱབ་ན་གབ་པའི་མཚོན་བྱ་དངོས་ནི་ཀློག་པ་པོ་ལ་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་དགྲམ་རྒྱུ་དེ་ཡིན། དཔེར་ན། “ཨེ། ང་ལ་ངོ་མ་སྙིང་ཉེ་བའི་ཀློག་པ་པོ་རྣམས་མུ་མཐུད་དུ་ཡ་ང་བའི་གནས་ཤིག་ལ་འཁྲིད་འདོད་གཏན་ནས་མེད། འོན་ཀྱང་འདི་ནི་དོན་དངོས་རེད། འདི་ནི་ལོ་རྒྱུས་རེད། ང་ལ་ཐབས་མེད”ཅེས་པ་ལྟར་རྟ་རྐྱང་ནག་ནི་མི་སྣ་འགལ་བ་ཡོང་སའི་ཐད་ཀའི་རྒྱུ་རྐྱེན་ཡིན་ཡང་། རྒྱུ་རྐྱེན་གཙོ་བོ་ནི་འདས་ཟིན་པའི་སྐྱོ་གར་ཞིག་རྩོམ་རིག་གི་ལམ་དུ་བསྐྱར་མཚོན་བྱས་པ་དེའོ།
《རླུང་ནག་འཚུབ་མ》རུ་ཡང་སྤྱིར་ན་འདས་ཟིན་པའི་ལོ་རྒྱུས་ཤིག་མིག་ལ་བཀྲམ་མོད། བརྩམས་ཆོས་དེ་ལས་མངོན་པའི་བསམ་བློ་ནི་ལོ་རྒྱུས་མཚོན་རྒྱུ་གཙོ་བོར་མ་བྱས་པར། གཅིག་ནས་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ནང་དུ་གཉེན་སྒྲིག་རང་དབང་མེད་པའི་འབངས་འཁོས་ཞན་ཕོ་མོའི་སྡུག་བསྔལ་མཚོན་པ་དང་། གཉིས་ནས་ཐུན་མོང་བག་ཉལ་འདུ་ཤེས་ཀྱི་རྨོངས་འཐོམ་དང་རྗེས་ལུས་ལ་དགག་རྒྱག་བྱས་པ་ཞིག་སྟེ། སྟོང་དཔོན་དང་ཨ་ལགས་འབྲོང་གཡག་གིས་མཚོན་པའི་དབང་སྒྱུར་གྲལ་རིམ་པ་ཚོས་མང་ཚོགས་ཀྱི་རྨོངས་དད་དང་གླེན་རྟགས་སྤྱད་ནས་དཀར་ནག་གོ་ཟློག་རྩོམ་པའི་རིགས་ལ་ཐེར་འདོན་བྱས་འདུག་པས། ནང་གི་སྒྲིག་གཞི་ལ་བསམ་ན《རླུང་ནག་འཚུབ་མ》དེ་བས་སྣ་མང་ཅན་དུ་མཐོང་།
མདོར་ན། མཚོན་བྱེད་སྒྱུ་རྩལ་གྱི་ཆ་ནས《ཡ་ང་བའི་སྐྱ་རེངས》ཀྱི་དཔེ་མཚོན་མི་སྣའི་སྣང་བརྙན་གསར་བཞེངས་ནི《རླུང་ནག་འཚུབ་མ》ལས་ཕུན་སུམ་ཚོགས་པ་བྱུང་ཡོད་ལ། སྒྲུང་གཏམ་གྱི་ལྐོག་གྱུར་སྒྲིག་གཞིའམ་མཚོན་བྱའི་ཆ་ནས 《རླུང་ནག་འཚུབ་མ》ནི《ཡ་ང་བའི་སྐྱ་རེངས》ལས་ལྟོས་བཅས་ཀྱིས་རྒྱ་ཆེ་བར་མངོན།
(ཀརྨ་རྡོ་རྗེ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་། དཔྱད་རྩོམ་འདི་ནི་2025ལོའི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་ཡིན། ཨང་གྲངས། 202510694004)
འབྲེལ་ཡོད་གསར་འགྱུར།