ལྷོ་བྲག་རྫོང་གིས་མཐའ་མཚམས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ།
མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་པ།
“ལྔ་གཅིག”གུང་གསེང་རིང་། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གྲུབ་འབྲས་ཡག་པོ་ཐོབ་པ་སྟེ། རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ས་གནས་དེ་གའི་མང་ཚོགས་ལ་ཐད་ཀར་འབབ་འཕར་སྒོར་ཁྲི་103.77ཡོང་བར་སྐུལ་ཁྲིད་བྱས་ཡོད།
གྲངས་གཞི་དེ་ནི་མཐའ་མཚམས་རྫོང་འདིས་སྒྱུར་བཅོས་ལ་བརྟེན་ནས་འགག་གནད་ལས་སྒྲོལ་བ་དང་གསར་གཏོད་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བའི་ཚོད་ལྟ་སྣ་ཚོགས་བྱས་པའི་མཚོན་ཚུལ་ཡིན་པ་སྟེ། མངོན་མིན་རིག་གནས་ཤུལ་བཞག་ཟློས་གར་མཛེས་ལྗོངས་ཁུལ་དུ་འཁྲབ་པ་ནས་ཡུལ་སྐོར་བ“དྲིལ་བསྒྲགས་པར”གྱུར་པའི་བར་དང་། སྡེ་ཚན་མང་པོས་མཉམ་འགུལ་བྱེད་པ་ནས་མེ་ཕུང་འགྲམ་དུ་སྒོར་གཞས་འཁྲབ་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བར། ལྷོ་བྲག་གིས་མཐའ་མཚམས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད།
མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་རྒྱས་པ་དང་མཛེས་ལྗོངས་ཁུལ་འཁྲུག་ཏུ་ཕྱིན་པ།
སྔོན་ཆད་ཡུལ་སྐོར་བ་ལྷོ་བྲག་ཏུ་ཡོང་སྐབས་མང་ཆེ་བ་རི་དང་མཚོའི་ཡུལ་ལྗོངས་ལ་པར་རྒྱག་རྒྱུ་ལས་མ་འདས། འོན་ཀྱང“ལྔ་གཅིག”གུང་གསེང་རིང་། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་པད་མ་གླིང་མཚོའི་མཛེས་ལྗོངས་ཁུལ་ནས་ལྷོ་བྲག་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་མཐོང་རྒྱུ་བྱུང་བ་དང་། མཁར་ཆུ་མཛེས་ལྗོངས་ཁུལ་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་ཁང་གར་འཆམ་གྱི་ལང་ལིང་གར་སྟབས་རྣམ་པ་ཉམས་ལེན་བྱས་པ་མ་ཟད། ད་དུང་སྲས་གྲོང་རྡལ་གྱི་གནའ་བོའི་ཁྲོམ་གཞུང་ནས་བྲ་བོའི་བཟའ་བཏུང་བཟོ་རྩལ་ཡང་མྱོང་རོལ་བྱས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར། ལྷོ་བྲག་རྫོང་གིས་ད་ལོ་སྲོལ་རྒྱུན་གྱི་ལྟ་སྐོར་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་དུ་ཁྱབ་གདལ་གཏོང་བའི་ལམ་སྲོལ་བཙུགས་ཏེ། རིག་གནས་ཤུལ་བཞག་ཡུལ་སྐོར་གྱི་འཐབ་ས་དང་པོར་གསོན་ཤུགས་རྒྱས་པར་བྱས་ཡོད།
ཡུལ་སྐོར་བ“མགྲིན་ཚབ་པར”གྱུར་པ་དང་བརྙན་ཐུང་ལྟ་མཁན་མང་དུ་ཕྱིན་པ།
གུང་གསེང་རིང་བརྙན་ཐུང་ལས་སྟེགས་ཐོག“སྦས་ལུང་ལྷོ་བྲག”སྐོར་གྱི་བརྙན་ཐུང་ལ་སྐད་གྲགས་ཆེན་པོ་ཆོད་ཅིང་། རྒྱུག་འབོར་མང་དུ་གཏོང་ཆེད། ལྷོ་བྲག་རྫོང་གིས་སྔ་སྣུར་ནས་སྐད་འཕྲིན་སྤྱི་རྟགས་དང་། ཁྱུག་དབྱིངས། བརྙན་ཐུང་ཨང་རྟགས་བཅས་བརྒྱུད《ལྔ་གཅིག་རིང་མཐའ་མཚམས་སུ་ཡུལ་སྐོར། མཛེས་སྡུག་ལྡན་པའི་ལྷོ་བྲག་ཏུ་མཉམ་འཛོམས》ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི་དང་། ཇུས་གཞི་རྩེ་གྲ། མཛེས་ལྗོངས་ཁུལ་གྱི་ཞིབ་ཕྲའི་གནས་ཚུལ། ལམ་ཐིག་མཛེས་ཤོས། ཕྱིར་སྐྱོད་སྐབས་ཤེས་དགོས་དོན་བཅས་ཁྱབ་བསྒྲགས་བྱས་པ་རེད།
“ལྔ་གཅིག”གུང་གསེང་རིང་། ལྷོ་བྲག་རྫོང་གིས་རིམ་རྩིས་བརྒྱབ་ན་རིག་གནས་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་བརྙན་ཐུང་550བརྒྱུད་གཏོང་བྱས་པ་དང་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་252སྤྲད་པ་རེད། གཞུང་ཕྱོགས་ཀྱི་ཕྱོགས་རྐྱང་པའི་དྲིལ་བསྒྲགས་ནས་ཡུལ་སྐོར་བས་རང་འགུལ་ངང“མགྲིན་ཚབ་པ”བྱེད་པའི་བར། ལྷོ་བྲག་གིས་གུང་གསེང་རིང་མ་གནས་དམའ་བའི་ཐོག་ནས་བརྒྱུད་སྤེལ་ནུས་ལྡན་བྱས་པས། “བོད་ལྷོ་རྒྱུད་ཀྱི་གྲོག་རོང་དང་སྦས་ལུང་ལྷོ་བྲག”གི་སྤུས་རྟགས་བརྒྱུད་སྤེལ་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
སྡེ་ཚན་མང་པོས“ཚོགས་སྒྲིག”རྣམ་པར་བརྟེན་ནས་ལམ་རྒྱུད་དུ་མི་སེམས་འགུལ་བའི་གཏམ་རྒྱུད་བྱུང་བ།
“ལྔ་གཅིག”གུང་གསེང་རིང་། ཡུལ་སྐོར་བ་མང་དུ་ཕྱིན་པ་དེས་ལྷོ་བྲག་རྫོང་གི་ཞབས་ཞུའི་འགན་ལེན་ནུས་པར་ཚོད་བགམ་ཏན་ཏིག་བྱས་ཡོད། ལྷོ་བྲག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དུས་ཆེན་གོང་ཆེད་དོན་བཀོད་སྒྲིག་བྱས་ཤིང་། དྲིལ་བསྒྲགས་དང་། རིག་གནས་ཡུལ་སྐོར། སྤྱི་བདེ། འཕྲལ་སྡོམ་དོ་དམ། ཁྲོམ་ར་ལྟ་འདོམས། གནམ་གཤིས་སོགས་སྡེ་ཚན་མང་པོས་མཉམ་འགུལ་གྱིས་ལྟེ་བའི་མཛེས་ལྗོངས་ཁུལ་ཆེ་གྲས་གཉིས་དང་། མཐའ་འཁོར་གྱི་ཚོང་དུད། ཡུལ་སྐོར་ལས་དོན་ཁང་བཅས་ཚང་མར་གྲལ་བཤེར་བྱས་ནས་མེ་ཟོན་བདེ་འཇགས་དང་། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན། བཙན་ཤེད་ངང་འཛད་སྤྱོད་བྱེད་དུ་བཅུག་པ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱས་ཡོད།
གུང་གསེང་རིང་། རྒྱལ་ལམ་219སྨོན་མདའ་ལའི་ལམ་དུམ་དུ་གངས་ཆེན་པོ་བབས་པ་དང་འཁྱགས་པ་ཐེབས་པས། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་མི་ཉུང་བ་ཞིག་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད། ལྷོ་བྲག་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་རུ་མི་ཚང་མས་ལས་གནས་བརྟན་སྲུང་དང་། དུས་མཚམས་ཧྲིལ་པོར་ལས་རེས། མགྱོགས་མྱུར་དང་ལེན། ཐག་གཅོད་ནུས་ལྡན་བཅས་བྱས་ཏེ་ཉེན་གྱར་རླངས་འཁོར་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱས་ཡོད།
དེ་དང་ཆབས་ཅིག ལྷོ་བྲག་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་རུ་ཁག་དང་། སྲས་གྲོང་རྡལ་གྱི་ཡུལ་སྐོར་བའི་ཁྱིམ་གཞིས། རྫ་ར་གྲོང་ཚོའི་ཡུལ་སྐོར་གཅེས་སེམས་ས་ཚིགས་བཅས་ཀྱིས་མཉམ་དུ་རིན་མེད་ངང་ཆུ་ཚ་པོ་དང་། གློག་གསོག ལམ་ཐིག་བློ་འདྲི་བཅས་ཀྱི་ཞབས་འདེགས་ཞུས་ཏེ་རིག་གནས་ཡུལ་སྐོར་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་ལྷོ་བྲག་རྫོང་གིས་མཐའ་དར་དམངས་ཕྱུག་དང་མཐུན་སྒྲིལ་འབད་འཐབ་ཀྱི་ལམ་བུར་སྐྱོད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།