དམག་ཁྲིམས་ཡིག་ཆ་ལས་དཔའ་བོའི་སོད་རུལད་བགོ་བའི་ཐང་ཁྲིམས་ལ་དཔྱད་པ།
དང་པོ། ཁྲིམས་ཚན་འདིའི་ངོ་སྤྲོད།
ཁྲིམས་ཚན་འདི་ནི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡིག་ཆའི་ཁྲོད་བྱུང་ཡོད་པས། འདིར་དམག་ཁྲིམས་ཡིག་ཆ་དེའི་སྤྱིའི་ངོ་སྤྲོད་དང་ཞིབ་འཇུག་གི་སྐོར་ལ། ཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ནི་དམག་ཁྲིམས་ཡི་གེ་འདི་ལ་ཞིབ་འཇུག་གནང་མཁན་ཐོག་མ་ཡིན་སྟེ། ཁོང་གིས་སྔ་ཕྱིར་ཀྲུང་གོའི་བོད་རིག་པའི་དུས་དེབ་སྟེང་《གསར་དུ་རྙེད་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ལས་བོད་ཀྱི་དམག་ཁྲིམས་ཤོག་རལ་ཞིག་གི་ཀློག་འགྲེལ》 [1]ཞེས་པ་དང་《གསར་དུ་རྙེད་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ལས་བོད་ཀྱི་དམག་ཁྲིམས་ཡི་གེའི་ཐོག་མའི་ཀློག་འགྲེལ》[2](སྨད་ཆ)ཞེས་པ་གཉིས་སྔ་ཕྱིར་སྤེལ་ཏེ། དམག་ཁྲིམས་ཡི་གེ་དེ་ཉིད་གསར་དུ་རྙེད་པའི་གནས་ཚུལ་མཚམས་སྦྱོར་བྱས་ཡོད་པ་དང་། ཁྱོན་དམག་ཁྲིམས་ཡིག་ཆ་དེར་ཐིག་ཕྲེང་507ཡོད་པ་ལྟར་ཕབ་བཤུས་བྱས་ཡོད་མོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི་རྒན་ལགས་ཁོང་གི་ཆེད་དེབ་《གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ》[3]ཞེས་པའི་ཁྲོད་དམག་ཁྲིམས་འདི་ལ་ཐིག་ཕྲེང་508ཡོད་པ་ལྟར་ཕབ་བཤུས་གནང་སྟེ་ཁྲིམས་ཚན་68ལ་དབྱེ་ཡོད། རྒན་སྐ་བ་ཤེས་རབ་བཟང་པོ་ལགས་ཀྱིས་དམག་ཁྲིམས་ཡི་གེ་འདི་ལ་བོད་ཡིག་གི་ལམ་ནས་ཞིབ་འཇུག་ཐོག་མ་གནང་ཡོད་དེ། 《གསར་དུ་རྙེད་པའི་བཙན་པོའི་སྐུ་དུས་ཀྱི་དམག་ཁྲིམས་ཤོག་དྲིལ་ཡིག་ཚངས་ཤིག་ངོས་སྦྱོར་ཞུ་བ》[4]ཞེས་པར། དམག་ཁྲིམས་ཡིག་ཆ་འདི་རྙེད་སོན་བྱུང་བའི་གནས་ཚུལ་དང་། ཡིག་ཚངས་རིག་པའི་ཆ་འཕྲིན་ཏེ་ཡིག་ཚང་གི་རྩ་བའི་ཁྱད་ཆོས། ལྡེབ་ཚད། དུམ་བུ་དང་ཡིག་ཕྲེང་། སྣག་ཚ། དཔེ་དབྱིབས། ཡིག་ཚངས་གྲུབ་པའི་དུས་ཚོད། བརྡའ་བཏགས་སོགས་ཀྱི་ཁྱད་ཆོས། བརྗོད་བྱའི་ནང་དོན་སོགས་བྲིས་ཡོད། ཤོག་དྲིལ་འདིའི་ཐིག་ཕྲེང་གི་མང་ཉུང་ནི་རྒན་པ་ཚབ་པ་སངས་དབང་འདུས་ལགས་དང་འདྲ་བར་ཁྱོན་ཐིག་ཕྲེང507ལྟར་བཞེད་མོད། ཕབ་བཤུས་གོ་རིམ་ཁྲོད་རྒན་ལགས་ཁོང་གིས་ཐིག་ཕྲེང་185པ་ཐད་ཀར་ཐིག་ཕྲེང་184པའི་མཇུག་མཐུད་དུ་བྲིས་ཡོད་པས་རྒན་པ་ཚབ་པ་སངས་དབང་འདུས་ལགས་ཀྱི་ཕབ་བཤུས་དང་མི་འདྲ། སྐབས་བབ་ཀྱི་ཁྲིམས་ཚན་འདི་ནི་རྒན་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་ཁྲིམས་ཚན་36པ་བྱས་ཡོད། ཁྲིམས་ཚན་འདི་ནི་གཡུལ་དུ་དཔའ་བའི་དཔའ་བོར་སོད་རུལད་ཅེས་པའི་ངོ་འཕྲལ་བགོ་ཐབས་སྐོར་གྱི་ཁྲིམས་ཤིག་སྟེ། དེའི་ནང་དོན་གྲུབ་སྟངས་ཀྱི་ཆ་ནས། གཅིག བྱ་དགའ་སྤྲོད་པའི་ཡུལ་དང་ལས་ཀྱི་ཆ་ནས་རིགས་ཆེན་པོ་གསུམ་གྱིས་གྲུབ་ཡོད་དེ། གཡུལ་འཐབ་ཁྲོད་ཐོག་མར་ཞུགས་མཁན་དང་བར་དུ་ཞུགས་མཁན། ཐ་མར་ཞུགས་མཁན་བཅས་གསུམ་ཡོད་ལ། དེ་ལས་གོང་མ་གཉིས་ལ་རང་གུམ་པའམ་ཡང་ན་རྨས་སྐྱོན་བྱུང་ཡོད་མེད་དང་། གཞན་དགྲ་ཕྱོགས་ཀྱི་མི་མ་བསད་པའམ་བསད་ན་མང་ཉུང་ཁྱད་མེད་པར་རིམ་པ་ལྟར། སོད་རུལད་ཀྱི་སུམ་ཆ་གཉིས་དང་སུམ་ཆ་གཅིག་གི་ངོ་འཕྲལ་སྤྲོད་ཀྱི་ཡོད་པ། ཐ་མར་ཕྱིན་པ་རྣམས་ཀྱིས་མི་བསད་དམ་མ་བསད་གང་བྱས་རུང་སོད་རུལད་སྤྲོད་ཀྱི་མེད་པ་སོགས་བྱེ་བྲག་རིགས་ལྔ་རུ་དབྱེ་ཡོད། གཉིས། གཡུལ་ལ་ཞུགས་པའི་སྔ་ཕྱི་ནི་རྙོག་འཛིང་ཆེ་བ་དང་དེ་བསྟུན་བདེན་རྫུན་འབྱེད་དཀའ་བའི་དབང་གིས། གཡུལ་ཞུགས་ཀྱི་སྔ་ཕྱིའི་ཁྱད་འབྱེད་མཁན་དང་དེ་དག་བདེན་མིན་ལ་དཀར་དང་བྲོ་བོར་མཁན་གྱི་དཔོན་སྣ་ཁག་ཅིག་ཀྱང་ཡོད་དེ། གཡུལ་ལ་ཞུགས་པའི་ཐོག་མཐའ་བར་གསུམ་གྱི་ཁྱད་འབྱེད་མཁན་ནི་ཞང་བློན་དམག་དཔོན་དང་། སྤྱན་དང་། རུ་དཔོན་བཅས་གསུམ་ཡིན་པ་དང་། དེ་དག་བདེན་མིན་གྱི་བྲོ་བོར་མཁན་ལ་ཐོག་མར་ཕྱིན་པ་གང་དེས་ལས་དགྲ་ཕྱོགས་ཀྱི་མི་མ་བསད་པའམ་བསད་ན་མང་ཉུང་ཁྱད་མེད་པར་སོད་རུལད་སྩོལད་དགོས་པ་དེར་བྲོ་བོར་མཁན་ནི། ཞང་བློན་དམག་དཔོན་དང་། རུ་དཔོན། མི་ལྔ་བཅས་ཡིན་ལ། ཐ་མར་ཕྱིན་པ་ལ་སོད་རུལད་སྩོལད་མི་དགོས་པས་བྲོ་བོར་མཁན་ཡང་མེད། གཞན་གསུམ་གྱི་བྲོ་བོར་མཁན་ནི་ཞང་བློན་རུ་དཔོན་དང་། མི་ལྔ་གཉིས་ཡིན་ཚུལ་གསལ། གསུམ། སོད་རུལད་སྩོལད་བའི་སྐབས་གསོད་མཁན་གྱིས་བསད་བྱ་གང་དེ་བསད་པའི་ནོར་གསོད་མཁན་རང་ལ་དབང་བ་མ་ཡིན་པར། སོད་རུལད་ཀྱི་རྒྱུ་དངོས་ཆ་ཚང་སྔོན་ལ་མཉམ་པོར་བསྡུས་ཏེ་དེ་རྗེས་ཁྱད་མེད་པར་བགོ་བཞིན་ཡོད་དེ། དེ་ལྟར་མ་བྱས་ཚེ་གོ་མཚོན་དང་སོད་རུལད་བཟང་བའི་བསད་བྱ་གང་དེ་ངས་བསད་དོ་ཞེས་རྩོད་པ་འབྱུང་སྲིད་པ། བཞི། སོ་ལྟ་བ་ཞིག་གིས་བཟའ་བཏུང་གི་ཆེད་མི་གསོད་པ་དང་འཛིན་པའི་གོ་རིམ་ཁྲོད་སོད་རུལད་ཀྱི་རྟ་གསོད་པའམ་ཤོར་ན་སྐྱིན་བ་གཞུང་ཕྱོགས་ནས་སྩོལད་མོད། རྐྱ་བཤར་དང་མྱི་ལྷག་ལག་ཏུ་མཚོན་ཆ་མ་ཐོགས་པ་ཞིག་གིས་ངས་བསད་ཅེས་བཤད་ཀྱང་གཞུང་ཕྱོགས་ནས་སྩོལད་པ་མ་ཡིན་ནོ། ། ཞེས་ནང་དོན་གྱི་གྲུབ་ལུགས་ལས་ཐུ་བྷོད་དུས་སྐབས་སུ་དམག་དོན་སྐོར་གྱི་ཁྲིམས་ལུགས་གཞུང་ལུགས་ནི་འཐུས་ཚང་ཞིང་ཞིབ་ཆ་ལྡན་པ་མཐོང་ཐུབ་ལ། ལྷག་པར་དཔའ་བོར་གདེང་འཇོག་མཐོན་པོ་གནང་བ་དང་དཔའ་བའི་ངོ་འཕྲལ་ལམ་བྱ་དགའ་ལེན་པ་དེ། རང་གི་ནུས་པ་དང་དཔའ་གདེངས་ལ་འབྲེལ་བ་དམ་ཟབ་ཡོད་ཚུལ་མངོན།
གཉིས་པ། སོད་རུལད་ཅེས་པའི་ཐ་སྙད་ལ་དཔྱད་པ།
དགེ་རྒན་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་རུལད་དང་འབྲེལ་བའི་མ་ཡིག་ཁག་ཅིག་རྒྱ་ཡིག་ཏུ་བསྒྱུར་སྐབས་ཐང་ཆད་པ་[5]དང་རུལ་ལད་[6]ཀྱི་དོན་དུ་བསྒྱུར་ཡོད་ལ། གཞན་སོད་རུལད་ཅེས་པ་རྒྱ་ཡིག་ལ་སྒྲ་བསྒྱུར་བྱས་ཏེ་དེའི་མཆན་དུ་གཡུལ་འཐབ་ཁྲོད་ཐོབ་པའི་དགྲ་བོའི་དངོས་རྫས་སམ་དེ་བྱ་དགར་གནང་བའི་དོན་[7]དུ་འགྲེལ་ཡོད། ཁྲིན་ཅེན་ལགས་ཀྱིས་སོད་རུལད་ཀྱི་དོན་ནི་“武器”(战利品)ཞེས་དྲག་ཆས་[8]ཀྱི་དོན་དུ་བསྒྱུར་ཡོད་ལ། རྒན་པད་གཞུང་ཟླ་བ་ཆུང་བདག་ལགས་ཀྱིས་རུལད་ཅེས་པ་ནི་རུལ་གྱི་འབྲི་ལུགས་གཞན་ཡིན་པར་བཞེད་པ་དང་། དེའི་དོན་ནི་དགྲ་བོ་བསད་པའི་རྗེས་ཤུལ་དུ་ལུས་པའི་རྟ་དང་། གོ་མཚོན། རྒྱུ་དངོས་སོགས་ཀྱི་དོན་དུ་འགྲེལ་ཡོད།[9] འབུམ་རམས་པ་དཔའ་རིས་སྐྱིད་ལགས་ཀྱིས་སོད་རུལད་ནི་དམག་འཁྲུག་དངོས་རྫས[10](战争物资/战利品)ཞེས་པར་འགྲེལ་བ་གནང་ཡོད་པ་སོགས། སོད་རུལད་ཅེས་པའི་ཐ་སྙད་འདི་དམག་ཁྲིམས་ཡིག་ཆ་འདིའི་ནང་གསར་དུ་ཐོན་པའི་ཐ་སྙད་ཅིག་ཡིན་ལ། དམག་ཁྲིམས་རང་དུ་སོད་རུལད་དང་འདྲ་བར་བློན་པོ་བྱས་པ་ཅན་གྱི་ངོ་འཕྲལ་དུ་ཡིག་ཚང་དང་དཔའ་མཚན། མནངས་དང་དངུལ་སྲང་། བཟུང་རུལད་སོགས་སྤྲོད་ཀྱི་ཡོད་པའི་ཚུལ་གསལ་བོར་མཐོང་ཐུབ། སྐབས་སུ་དཔྱད་བྱའི་ཤོག་དྲིལ་འདིའི་ནང་དོན་གཞིར་བཟུང་ན་སོད་རུལད་ནི་བྱ་དགའི་རིགས་ཤིག་ཡིན་པ་གསལ་མོད། སོད་རུལད་ཡིན་ན་ངེས་པར་བྱ་དགའ་ཡིན་པའི་ཁྱབ་པའང་མ་མཆིས་ཏེ། དམག་ཁྲིམས་ཡིག་ཆ་འདིའི་ཁྲིམས་ཚན་32པར་“དགྲཿ འྀཿ སོདཿ རུལདཿ འཐོགཿ དུཿ མྱྀཿ གནང། ལསྩོགསཿ པའྀཿ ཁྲིམསཿ ཐོརཿ བུཿ ལས། །”[11]ཞེས་པ་དང་། ཡང་ཁྲིམས་ཚན35པར་“དགྲཿ ཞིགཿ བཀུམ། ན། །སུཿ ཡངཿ རུལདཿ མཿ འཐོག། །དགྲཿ འྀཿ རྟཿ བནཿ མཿ སྡུད། །དགྲཿ འྀཿ རྟཿ མཿ ཟིནད། །”[12]ཞེས་པ། ཡང་“སོདཿ རུལདཿ སྡུདཿ སྡུདཿ པཿ ནྀ། སྡརཿ མའྀཿ བཀའཿ གྲྀམསཿ བཞྀན དུཿ གཅདོ།”[13]ཞེས་པ་སོགས་ལས་མངོན་པ་ལྟར། སོད་རུལད་ཅེས་པས་དགྲ་ཕྱོགས་ཀྱི་རྒྱུ་དངོས་གང་རུང་ཞིག་མཚོན་ནུས་པ་དང་། ལྷག་པར་དགྲ་དང་འཐབ་པ་ཞེས་པ་དང་གཡུལ་འཐབ་ཅེས་པར་འབྲེལ་ཏེ་ཐོན་པ་དེས་དགྲ་ཕྱོགས་ཀྱི་རྒྱུ་དངོས་གང་དེ་གཡུལ་འཐབ་དང་འབྲེལ་བ་ཡོད་པ་ཙམ་ལས། སོད་རུལད་ནི་བྱ་དགའ་ཡིན་དགོས་པའི་ཚུལ་ཐོན་མེད་པ་སོགས་ཀྱིས། སོད་རུལད་ཡིན་ན་ངེས་པར་བྱ་དགའ་ཡིན་དགོས་པའི་ངེས་པ་མེད་ཚུལ་ར་སྤྲོད་བྱེད་ཐུབ།
གསུམ་པ། མཇུག་བསྡུ་བ།
གོང་དུ་ཞུས་གསལ་ལྟར། ཁྲིམས་ཚན་འདི་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་དམག་ཁྲིམས་ལས་བྱེ་བྲག་དབའ་བོར་སོད་རུལད་ཀྱི་བྱ་དགའ་སྤྲོད་པའི་ནང་དོན་ཅན་ཞིག་ཡིན་ལ། སྤྱིར་སོད་རུལད་ཡིན་ན་ངེས་པར་བྱ་དགའ་ལ་འཇུག་དགོས་པའི་ངེས་པ་མ་མཆིས་མོད། ཁྲིམས་ཚན་འདི་ལས་སོད་རུལད་ནི་ངོ་འཕྲལ་ཏེ་བྱ་དགར་འཇུག་པ་དང་། ཐུ་བྷོད་ཀྱི་དུས་སྐབས་སུ་ངོ་འཕྲལ་དེ་ཇི་ལྟར་སྤྲོད་པའི་ཚུལ་གསལ་བ་ལ། དུས་སྐབས་མི་འདྲ་བའི་སྤྱི་ཚོགས་དང་རིག་གནས་ཀྱི་རྒྱབ་ལྗོངས་འོག་ཏུ་རིན་ཐང་གི་ལྟ་བ་དང་འདུ་ཤེས་འཛིན་སྟངས་ཡང་མི་འདྲ་མོད། གནའ་བོའི་སོད་རུལད་ཀྱི་ངོ་འཕྲལ་དང་དེང་གི་དངུལ་ལོར་སོགས་ཀྱི་བྱ་དགའ་སྤྲོད་པའི་ལམ་ལུགས་ཀྱིས། རིན་ཐང་གི་ལྟ་བ་དང་འདུ་ཤེས་འཛིན་སྟངས་ལ་ལེགས་བསྒྱུར་གྱི་ནུས་པ་ཐོན་ཡོད་ལ། ལྷག་པར་བྱ་དགའ་སྤྲོད་པའི་ལམ་ལུགས་དེ་སློབ་གསོ་ལེགས་བསྒྱུར་གྱི་ཁྲོད་དུ་གཏིང་ཟབ་ཀྱིས་སིམ་འཛུལ་བྱས་ཡོད་དོ།
(རྟ་མགྲིན་ཚེ་རིང་། 2023ལོའི་བོད་ལྗོངས་སློབ་ཆེན་གྱི་ཡིག་ཚང་རིག་པའི་ཤེས་རམས་པ།)
(本文获西藏大学研究生“高水平人才培养计划”项目支持, 项目编号:2025-GSP-S123)
[1] 巴桑王堆,《一份新发现的敦煌古藏文吐蕃兵书残卷的解读》[J]. 中国藏学 2014年第3期 5页-23页。
[2] 巴桑王堆,《一份新发现的敦煌古藏文吐蕃兵书(下卷)初步解读》[J]. 中国藏学 2015年第s0期 3页-62页。
[3] པ་ཚབ་པ་སངས་དབང་འདུས། 《གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2017
[4] སྐ་བ་ཤེས་རབ་བཟང་པོ། 《གསར་དུ་རྙེད་པའི་བོད་བཙན་པོའི་སྐུ་དུས་ཀྱི་དམག་ཁྲིམས་ཤོག་དྲིལ་ཡིག་ཚངས་ཤིག་ངོས་སྦྱོར་ཞུ་བ།》[J] བོད་ལྗོངས་སློབ་གྲྭ་ཆེན་མོའི་རིགས་དེབ། 2015(4) ཤ28-64
[5] 巴桑王堆,《一份新发现的敦煌古藏文吐蕃兵书残卷的解读》[J]. 中国藏学 2014年第3期 5页-23页。
[6] 巴桑王堆,《一份新发现的敦煌古藏文吐蕃兵书(下卷)初步解读》[J]. 中国藏学 2015年第s0期 3页-62页。
[7] 巴桑王堆,《一份新发现的敦煌古藏文吐蕃兵书(下卷)初步解读》[J]. 中国藏学 2015年第s0期 3页-62页。
[8] 陈践,《<吐蕃兵律>中战利品分配律例译析—兼论吐蕃暗军》[J].民族翻译 2021年第2期 18-26页。
[9] པད་གཞུང་ཟླ་བ་ཆུང་བདག 《དམག་ཁྲིམས་ཡིག་རྙིང་ཡིག་ཆའི་ཚིག་འགྲེལ་དང་ཞིབ་འཇུག །》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2021ལོའི་ཟླ་4པར་པར་གཞི་1བཏབ། ཤ75
[10] 华锐吉,《古藏文<吐蕃兵律>写卷校释与研究》[D].兰州大学博士学位论文 2024年11月 18页。
[11] པ་ཚབ་པ་སངས་དབང་འདུས། 《གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2017 ཤ34
[12] པ་ཚབ་པ་སངས་དབང་འདུས། 《གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2017 ཤ36
[13] པ་ཚབ་པ་སངས་དབང་འདུས། 《གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2017 ཤ36
འབྲེལ་ཡོད་གསར་འགྱུར།