སེམས་པ་སྦྲེལ་ནས་རིག་རྒྱུན་བསྐྱངས། བོད་ཆས་གྱོན་ནས་ཤོམ་འགྲོས་བྱེད།
ཉིན་ཤས་གོང་། 2026ལོའི་ཀྲུང་གོ་རྒྱལ་སྤྱིའི་གྱོན་དཔེའི་གཟའ་འཁོར་གྱི་ནན་ཅིང་ས་ཚིགས་དེ་ནན་ཅིང་ཅང་པེ་ཁུལ་གསར་Tསྟེགས་བུར་འགོ་ཚུགས་པ་དང་། འོད་འདུའི་གློག་སྒྲོན་འོག་ཏུ་མོ་ཐྲོལ་ཚོས་བོད་ཀྱི་སྲོལ་རྒྱུན་ཁྱད་ཆོས་དང་དེང་རབས་ཀྱི་གཞི་རྒྱུ་ཟུང་དུ་འབྲེལ་བའི་བོད་ཆས་དཔེ་གསར་གྱོན་ནས། སྟངས་སྟབས་ལིང་ལིང་གིས་ས་མཐོའི་ཐུན་མོང་མ་ཡིན་པའི་ཡུལ་གོམས་དང་དེང་རབས་ཀྱི་དཔེ་གསར་མཛེས་རིག་མཉམ་འདྲེས་ཟབ་མོ་བྱས་ཏེ། ཅིན་ལིང་ས་གཞི་ཆེན་མོར་བཀྲག་མདངས་རབ་ཏུ་བསྣན་ཡོད།
“སྲོང་བཙན་འཁྲུངས་ཡུལ། གནམ་མཐའི་མལ་གྲོ”ཞེས་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་སྤུས་རྟགས་དེ་རྒྱལ་ཁབ་རིམ་པའི་གྱོན་དཔེའི་གསོལ་སྟོན་གཟབ་རྒྱས་ཀྱི་གར་སྟེགས་དབུས་སུ་བཤམས་ཤིང་། དེའི་རྒྱབ་ཏུ་ནན་ཅིང་དང་མལ་གྲོ་གུང་དཀར་རྫོང་དབར་གྱི་ཁ་གཏད་རོགས་སྐྱོར་གྱི་མཛའ་བརྩེ་ཟབ་མོ་འདུས་ཡོད་ལ། བོད་སྐྱོར་ལས་བྱེད་པ་ཁག་ཐེངས་རེ་རེས་སྤྱི་ལེ་3800ལྷག་ཙམ་གྱིས་བར་ཆོད་པའི་མལ་གྲོར་མུ་མཐུད་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བཞིན་པ་མཚོན་གྱི་ཡོད།
“མངོན་མིན་ཤུལ་བཞག་གི་གསར་གཏོད”རབ་དང་རིམ་པས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་བཀུག་ཅིང་། སྲོལ་རྒྱུན་གྱི་སྣམ་བུ་དང་དར་གོས་སོགས་མི་རིགས་ཀྱི་གཞི་རྒྱུ་འདུས་པའི་་དེང་རབས་ཀྱི་གྱོན་དཔེ་དང་མཉམ་འདྲེས་བྱས་ཡོད། ལོ་ངོ་སྟོང་གི་མངོན་མིན་རིག་གནས་ཤུལ་བཞག་དེ་དག་Tསྟེགས་བུར་བཤམས་པ་ལས་སྒྲིག་གཤོམ་དངོས་རྫས་ནས་རྒྱུན་གཏན་གྱི་གྱོན་གོས་སུ་གྱུར་ཡོད། རྩེར་སོན་པའི་དྲས་གཏུབ་ལག་རྩལ་བརྒྱུད་བསྐྱར་སྒྲིག་དང་། ལེགས་གཏོང་། རྣམ་པ་མི་འདྲ་བར་བཀོད་སྒྲིག་བཅས་བྱས་པས། གྲོང་ཁྱེར་གྱི་བདེ་བགྲོད་དང་ས་མཐོའི་ཡུལ་སྐོར་སོགས་ཕྱོགས་གང་ས་ནས་དམིགས་བསལ་གྱི་ཉམས་འགྱུར་མངོན་ཐུབ།
ཇུས་འགོད་ནང་ཞུགས་པའི་བོད་རིགས་ལག་ཤེས་སྒྱུ་རྩལ་པ་ཞིག་གིས། “སྔོན་ཆད་ཕ་མེས་ཚོས་བཞག་པའི་དངོས་པོ་དག་ཆ་སྒམ་ནང་དུ་སྒྲིག་ན་ཕངས་སེམས་ཆེན་པོ་སྐྱེ་ཡི་འདུག་ལ། ད་ཆ་བོད་ཆས་Tསྟེགས་བུར་བཤམས་པར་མི་མང་པོས་དགའ་པོ་བྱེད་པ་མཐོང་སྐབས། སེམས་སུ་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག”ཅེས་བརྗོད།
བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས“གངས་ལྗོངས་ས་མཐོ་ནས་འབྲི་ཆུའི་ཆུ་ངོགས་བར་གྱི་དར་སྲོལ་འགྲེམས་སྟོན་བྱས་པ་ཙམ་མ་ཟད། ལོ་30ལྷག་ཙམ་རིང་གི་ནན་ཅིང་དང་མལ་གྲོ་གུང་དཀར་ས་གནས་གཉིས་དབར་རིག་གནས་མཉམ་འདྲེས་བྱས་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད”ཅེས་བརྗོད། གྱོན་དཔེའི་གཟའ་འཁོར་རིང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་། ས་གནས་ས་ཐོག་ཏུ་ཁྱབ་གདལ། མཉམ་འགུལ་སྤེལ་རེས་བཅས་རེས་མོས་བྱས་ནས་བསྟན་ཏེ། མལ་གྲོ་གུང་དཀར་གྱི་མཛེས་ལྗོངས་ཁུལ་དང་། ལམ་ཐིག་རྩེ་གྲ། ཁྱད་ལྡན་རིག་གནས་གསར་གཏོད། དམངས་སྲོལ་ཉམས་ལེན་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་འོས་སྦྱོར་དང་ངོ་སྤྲོད་བྱས་པ་རེད།
ནན་ཅིང་གི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་འགན་འཁུར་བས། ད་ཡོད་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གཙོ་གནད་ཁུལ་གྱི་དུས་འགོའི་ཇུས་འགོད་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་དང་སྤུས་རྟགས་ཀྱི་མཐུན་རྐྱེན་སྦྱོར་བའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བ་དང་། མལ་གྲོ་གུང་དཀར་རྫོང་གི་རིག་གནས་ཡུལ་སྐོར་སྐད་གྲགས་ཆོད་ཚད་དང“བོད་ཀྱི་རིག་གནས་ཡུལ་སྐོར་གྱི་དམིགས་སའི”སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།