ས་མཐོའི་ཁོར་ཡུག་མིག་འབྲས་བཞིན་དུ་སྲུང་། ལྗོང་མདོག་འཕེལ་རྒྱས་ལས་ལ་རྩེ་གཅིག་གཞོལ།
——སྤྱི་ཕན་ཁོར་ཡུག་སྲུང་སྐྱོང་པ་པདྨ་རྒྱ་མཚོར་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

འདི་ནི་པདྨ་རྒྱ་མཚོ་2024ལོའི་ལོ་འཁོར་གྱི་སྤྱི་ཕན་མི་སྣའི་ཁོངས་སུ་བདམས་ཐོན་བྱུང་བའི་གནས་ཚུལ་ཡིན་པ།
དཔྱིད་ཀྱི་སྒེག་མོ་གངས་ལྗོངས་ས་མཐོར་མགྲོན་པོར་བྱོན་པ་དང་། གང་སར་སྔོ་ལྗང་གི་ན་བཟའ་ཀླུབ་འགོ་བརྩམས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། དཔྱིད་དཔལ་བཞད་པའི་དུས་བཟང་འདི་ལ། ངེད་ཚོ་གསར་འགོད་པས་ད་ལམ་ལོ་ཤས་རིང་བོད་ཀྱི་དྲ་ཐོག་ཏུ་རང་མོས་ངང་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་ལས་བཟང་ཕོན་ཆེར་སྒྲུབ་མཁན་པདྨ་རྒྱ་མཚོ་ལགས་སུ་འཛོམས་དུས་ཞུས་ཏེ། གྲོང་ཁུལ་གྱི་ཀོག་ཧྥེ་ཇ་ཁང་ཞིག་ཏུ་ཁོང་ལ་བཅར་འདྲི་ཞུ་བའི་གོ་སྐབས་བཟང་པོ་ཐོབ།
པདྨ་རྒྱ་མཚོ་ལགས་ནི་1983ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དཀྱིལ་རུ་ཤང་དུ་འཁྲུངས་ཤིང་གྲོང་གསེབ་ཀྱི་ཞིང་ཁུལ་དེ་ནི་བོད་ཀྱི་སྤུ་ཕྲུག་སྣམ་བུའི་འཐག་ལས་ཐད་གཏམ་གསུམ་སྐད་ཀྱིས་ཆོད་པའི་ཡུལ་ལུང་གི་གྲས་ཤིག་རེད། འོན་ཏེ་དུས་བབ་དང་ཁྱིམ་ཚང་གི་དོན་དངོས་དཀའ་ངལ་ཁྲོད་དུ་ཁོང་གི་བྱིས་དུས་ཡུལ་ལུང་དེ་ག་རང་དུ་སྣང་མེད་ངང་འཁྱོལ་ཞིང་། མཐར་ཕྱིན་པའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་ཁོང་ལ་མ་བསྐོས།
གཞོན་དུས་ཀྱི་བློ་རིག་རྒྱས་པའི་མཚམས་སུ་ཁོང་གིས་སོ་ནམ་ཞིང་ལས་ཀྱི་ཞོར་ལ་གྲོགས་མཆེད་ཁ་ཤས་དང་མཉམ་དུ་བོད་སྤོས་བཟོ་བའི་ལག་རྩལ་སྦྱངས་ཤིང་། རང་ངོས་ནས་བཟོས་པའི་ཐོན་རྫས་ཡུལ་ཕྱོགས་ཁག་ཏུ་བཙོངས་ཏེ་འཚོ་བ་འཁྱོལ་བར་བྱས་མོད། འོན་ཀྱང་འདུ་ལོང་འཁོལ་བའི་ཁྲོམ་ར་ཆེན་པོའི་ནང་བོད་སྤོས་གཅིག་པུས་ཡོང་འབབ་དེ་ཙམ་རག་གི་མེད་སྟབས། ཁོང་གིས་རང་ངོས་ཀྱི་ལྷན་སྐྱེས་བློ་རིག་ལ་བརྟེན་ནས་ཨར་ལས་ལག་རྩལ་དང་། ཁང་ཁྱིམ་མཛེས་བཟོའི་ལས་ཀའང་བྱས།
གསར་འགོད་པས་ཁོང་ལ་ཐོག་མར་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་བསམ་བློའི་ཀུན་སློང་གང་འདྲ་ཡིན་མིན་འདྲི་སྐབས། ཁོང་གིས“སྔོན་ཆད་ཡུལ་ཕྱོགས་ཁག་ཏུ་བོད་སྤོས་འཚོང་བའམ་དེ་མིན་ལས་ཀ་བྱེད་པར་འགྲོ་སྐབས་ལམ་བར་དུ་འགྱིག་སྙིགས་མི་ཉུང་བ་ཞིག་མཐོང་རྒྱུ་འདུག་པས། སེམས་ནང་རང་ཤུགས་ཀྱིས་གད་སྙིགས་གཙང་བཤེར་གྱི་ལས་ཀར་ཞུགས་ན་ཡག་པོ་མེད་དམ་སྙམ་པའི་བསམ་བློ་འཁོར་ཡོང་གི་འདུག དེ་མིན་རང་ཉིད་ཀྱི་ཁྱིམ་ཚང་ནང་དུ་ཕྲུ་གུ་མང་པོ་ཡོད་པ་དང་། ང་རང་ཕྲུ་གུའི་ཁྲོད་ཀྱི་རྒན་ཤོས་དེ་ཡིན་པས་སློབ་ཆུང་ཙམ་ནས་སློབ་སྐལ་ཆད་མོད། འོན་ཀྱང་རང་ཉིད་ཞར་དང་ཞོར་དུ་ཁོར་ཡུག་དང་འབྲེལ་བའི་དཔེ་དེབ་བཀླག་རྒྱུར་ཧ་ཅང་དགའ་པོ་ཡོད་པས། ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཞུགས་རྒྱུའི་འདུན་པ་དེ་བས་དྲག་ཏུ་སོང་སྟེ། 2013ལོར་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཞུགས་པ་ཡིན”ཞེས་བཤད།
མི་ལོ་12ཙམ་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀ་དེ་མ་སྐུལ་རང་མོས་ཀྱིས་སྒྲུབ་རིང་། ཁོང་གིས་དང་བླངས་ཀྱི་སྙིང་སྟོབས་ཡིད་ལ་བཅངས་ནས་བོད་ལྗོངས་ཙམ་མ་ཚད། སི་ཁྲོན་དང་། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ཀྱི་ཡུལ་ཕྱོགས་གང་སར་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཧུར་བརྩོན་ཆེན་པོས་ཞུགས། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན་ལོ་ངོ་12རིང་ཁོང་དང་ཚོགས་མི་ཚོས་འཁྱགས་རོམ་དང་། མཚེའུ། འདམ་ར། རི་རྩེ་སོགས་ནས་གད་སྙིགས་ཏུན་30ཙམ་གཙང་བཤེར་བྱས་ཡོད། ཁ་ལ་དཔག་པའི་སོ་དང་། མགོ་ལ་སྤམ་པའི་ཞྭ་མོ་ཞེས་པའི་ཟེར་སྒྲོས་བཞིན་ཁོང་གིས་སྤྱད་པའི་དཀའ་བར་གཡུར་ཟའི་འབྲས་བཟང་ཐོབ་སྟེ། སྐབས་བཅུ་བཞི་པའི་རྒྱལ་ནང་གི་སྤྱི་ཕན་དུས་ཆེན་སྐབས་སུ་ཁོང་ལོ་འཁོར་གྱི་སྤྱི་ཕན་མི་སྣའི་ཁོངས་སུ་བདམས་ཐོན་བྱུང་བ་དང་། དེ་མིན་ཨ་ལི་སྤྱི་ཕན་ལ་སོགས་པའི་བྱེད་སྒོའི་ཁྲོད་དུ་བྱ་དགའ་མི་ཉུང་བ་ཞིག་ཐོབ་ཡོད་པ་རེད།
ཁོང་ཚོའི་ཁོར་ཡུག་སྲུང་སྐྱོང་ཚོགས་པའི་ནང་སྤྱི་ཚོགས་ལས་རིགས་ཁག་གི་རྒན་དར་གཞོན་གསུམ་གྱི་མི་སྣ་ཡོད་ལ། སྐབས་རེ་དགོས་པའི་དབང་གིས་ཐག་རིང་གི་ས་ཆར་འགྱིག་སྙིགས་སྒྲུག་པར་འགྲོ་དུས་ཟླ་བ་གཅིག་ཙམ་འགོར་གྱི་ཡོད་སྟབས། ས་ཐག་རིང་པོར་འགྲོ་དགོས་ན་རྒྱུན་དུ་ཚོགས་པའི་ནང་མང་ཆེ་བ་རྒན་རྒོན་ཡོང་གི་ཡོད། ཐག་རིང་དུ་ཞག་སྡོད་བྱེད་སྐབས་མགྲོན་ཁང་གི་འགྲོ་སོང་ཆེ་བས་ཁོང་ཚོས་གུར་ཁྱེར་ནས་སྡོད་ཀྱི་ཡོད་པ་དང་། ཉིན་རེའི་ལྟོ་དུས་གསུམ་པོ་ཚོགས་མི་སོ་སོས་ལས་ཞོར་དུ་བཟོ་ཡི་ཡོད་པ་རེད། ཐག་རིང་དུ་འགྲོ་མ་དགོས་པའི་སྐབས་སུ་པདྨ་རྒྱ་མཚོས་གཟའ་ཉི་མར་གཏན་ཆགས་ཀྱི་སྒོ་ནས་འགྱིག་སྙིགས་སྒྲུག་པའི་འཆར་གཞི་བཟོས་ཡོད་པས། གཞོན་པ་དང་སློབ་མ་མང་པོ་ཞིག་མ་འགུལ་དང་བླངས་ཀྱིས་ལས་ཀར་ཞུགས་ཀྱི་ཡོད། ལྷ་སའི་ཉེ་འཁོར་གྱི་རྫོང་ཁག་ཏུ་འགྱིག་སྙིགས་གཙང་བཤེར་བྱེད་པར་འགྲོ་སྐབས་ཉིན་གཅིག་ལས་འགོར་གྱི་མེད་ཀྱང་། ཞོགས་པ་ཆུ་ཚོད་བཞི་པ་ཙམ་ནས་ཐོན་དགོས་པ་དང་། དགོང་མོ་ཆུ་ཚོད་བཅུ་གཉིས་ཡས་མས་ཙམ་ལ་གཞི་ནས་ཁྱིམ་དུ་འབྱོར་གྱི་ཡོད་པ་རེད། ཚོགས་མི་ཚང་མར་ངལ་རྩོལ་གླ་ཆ་གང་ཡང་མེད་ཀྱང་། རང་རང་སོ་སོར་དུས་ཁོམ་བྱུང་ཚེ་ཧུར་སེམས་ཆེན་པོས་པདྨ་རྒྱ་མཚོ་དང་ལྷན་དུ་འགྱིག་སྙིགས་སྒྲུག་པའི་ལས་ལ་ཞུགས་ཤིང་། ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཚོའི་སེམས་ནང་གངས་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་བསྐྲུན་པའི་བརྒྱུད་རིམ་ཁྲོད་རང་གི་ནུས་པ་ཕྲན་བུ་འདོན་ཐུབ་པ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡོད་པ་རེད།

འདི་ནི་པདྨ་རྒྱ་མཚོས་གད་སྙིགས་དབོར་བཞིན་པ།
པདྨ་རྒྱ་མཚོ་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་དགའ་ཞེན་ཆེ་བས། བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་དང་། སྐལ་བཟང་མེ་ཏོག་ཁོར་ཡུག་སྲུང་སྐྱོང་ཚོགས་པ། དེ་བཞིན་མཛེས་པའི་ཁ་ཆད་ལ་སོགས་པའི་ཁོར་ཡུག་སྲུང་སྐྱོང་ཚོགས་པ་མང་དག་ཅིག་གི་ནང་དུ་ཞུགས། ཁོར་ཡུག་སྲུང་སྐྱོང་ཚོགས་པ་ཁག་གི་ནང་དུ་ཞུགས་རྗེས་བསམ་བློའི་འགྱུར་ལྡོག་སྐོར་འདྲི་སྐབས། ཁོང་གིས“ཁོར་ཡུག་སྲུང་སྐྱོང་ཚོགས་པའི་ནང་འཛུལ་དུས་དགུང་གྲངས་50ལས་བརྒལ་བའི་ཚོགས་མི་མང་པོ་འདུག ཁོང་རྣམ་པས་གཅིག་སེམས་གཅིག་ལ་གཏད་ཅིང་ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཞུགས་པ་མཐོང་སྐབས། སེམས་ནང་རང་ཉིད་དབང་པོ་ཐང་ཐང་ཡིན་ཁར་ཤ་དར་ཁྲག་དར་ཡིན་པས། ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་བྱེད་པའི་སེམས་ཤུགས་དེ་བས་ཆེ་རུ་འགྲོ་ཡི་འདུག”ཅེས་བཤད། ཁོང་གི་ཤུགས་རྐྱེན་འོག་རང་ངོས་ཀྱི་ཕྲུ་གུ་གཉིས་པོ་ཡང་གཟའ་མཇུག་ཏུ་དུས་ཚོད་ཡོད་སྐབས། ཁོང་གི་རྗེས་སུ་འབྲངས་ནས་ཁོར་ཡུག་སྲུང་གི་ལས་ཀར་ཞུགས་ཀྱི་ཡོད། ཁོར་ཡུག་སྲུང་སྐྱོང་གི་བརྒྱུད་རིམ་ཁྲོད་ཕྲུ་གུའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་སེམས་ཆེ་རུ་ཕྱིན་པ་མ་ཟད། དཔལ་ཡོན་གྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ལག་ལེན་ནུས་པ་དེ་བས་མཐོ་རུ་འགྲོ་བར་ཕན་པ་ཤུགས་ཆེར་ལྡན་པས་རྒྱུན་དུ་པདྨ་རྒྱ་མཚོས་ཚོགས་མི་རྣམས་ལ་ཉེ་འཁོར་དུ་འགྱིག་སྙིག་གཙང་བཤེར་བྱེད་པར་འགྲོ་སྐབས་ཕྲུ་གུ་འཁྲིད་རྒྱུའི་འབོད་སྐུལ་ཡང་བྱས།
རྒྱུན་ལྡན་འཚོ་བའི་ནང་དུ་ཁོང་གིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་ངོས་བཟུང་བ་དང་། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་གངས་ལྗོངས་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་བཞིན་ཡོད་པས་ཁོང་གི་ནང་མི་ཚང་མས་ཁོང་གི་ལས་ཀར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད།

འདི་ནི་པདྨ་རྒྱ་མཚོ་མངའ་རིས་ཀྱི་མཚོ་མོ་ངང་ལྷ་རིང་མོའི་འགྲམ་དུ་སྤྱི་ཕན་བྱེད་སྒོ་སྤེལ་བ་སླེབས་པ།
2018ལོ་ནས་བཟུང་ཁོང་གིས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཁག་བརྙན་ཐུང་ལམ་ནས་ཁྱུག་དབྱིངས་ཐོག་བསྐུར་གྱི་ཡོད། དེའི་སྔོན་དུ་སེམས་ནང་འགྱིག་སྙིགས་གཙང་བཤེར་བྱས་པ་སོགས་ཀྱི་གནས་ཚུལ་དྲ་ལམ་དུ་བསྐུར་ན་ལས་ཀར་བྱས་ཡུས་བཤད་པའི་ཚོར་སྣང་འདུག་སྙམ་ནས་གཏན་ནས་བསྐུར་གྱི་མེད། ཕྱིས་སུ་ཡུག་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་བགྲོ་གླེང་མང་པོ་ཞིག་གི་ཐོག་ཏུ་མི་མང་པོས། ད་ཆ་དྲ་བའི་དུས་རབས་ལ་སླེབས་ཟིན་པ་དང་ཁྱུག་དབྱིགས་ནི་བརྒྱུད་སྤེལ་སྟེབས་བུ་གལ་ཆེན་ཞིག་ཡིན་པས། འགྱིག་སྙིགས་གཙང་བཤེར་བྱས་པ་སོགས་ཀྱི་གནས་ཚུལ་དྲ་ཐོག་ཏུ་བསྐུར་ན་མི་དེ་བས་མང་བས་སྐྱེ་ཁམས་ཁོར་ཡུག་ལ་སྣང་འཇོག་གིས་ལྗང་མདོག་འདུ་ཤེས་གོང་མཐོར་འགྲོ་ཚུལ་ལན་མང་བཤད་སྟབས། ཁོང་གི་བསམ་བློ་ཡང་འགྱུར་ལྡོག་བྱུང་ནས་དུས་རབས་དང་བསྟུན་ཏེ། བརྙན་ཐུང་བཟོ་སྟངས་ཀྱི་ལག་རྩལ་སློབ་སྦྱོང་བྱས་ནས་རིམ་པས་དྲ་ལམ་དུ་གོམ་པ་སྤོ་འགོ་བརྩམས། ཐོག་མར་བརྙན་ཐུང་བཟོ་སྟངས་དང་བསྐུར་སྟངས་སོགས་ལ་ཉམས་མྱོང་དབུལ་ཡང་། དཀའ་སྡུག་གདོང་གིས་བསུས་ནས་སློབ་སྦྱོང་ཞུས་པས་རིམ་གྱིས་བྱང་ཆ་དོད་པོར་གྱུར། ཁོང་གིས་བརྙན་ཐུང་ལམ་ནས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་གནས་ཚུལ་དྲ་ལམ་དུ་སྤེལ་སྐབས། མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕགས་གཅིག་ཅེས་པའི་དཔེ་བཞིན་མི་མང་པོའི་སེམས་ནང་དུ་ལྗང་མདོག་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་སོང་བ་དང་། མི་མང་པོས་ཁོང་དང་འཕྲད་སྐབས་ཁྱེད་རྣམ་པས་འགྱིག་སྙིགས་སྒྲུག་པ་མཐོང་དུས་གད་སྙིགས་གཡུག་ནུས་ཀྱི་མི་འདུག་ཅེས་བརྗོད་པར་བྱེད། ད་བར་ཁོང་གིས་ཁྱོན་བསྡོམས་བརྙན་ཐུང་1260ཙམ་བཟོས་ནས་ཁྱུག་དབྱིངས་ནང་བསྐུར་ཡོད་པ་དང་། ཁོང་ལ་ཞེན་མི་ཁྲི་3ལྷག་ཙམ་ཡོད་པ་རེད།

འདི་ནི་བསྐྱར་སྤྱོད་ཐོན་ཁུངས་ཀྱིས་བཟོས་པའི་ཐོན་རྫས་ཡིན་པ།

འདི་ནི་བསྐྱར་སྤྱོད་ཐོན་ཁུངས་ཀྱིས་བཟོས་པའི་ཐོན་རྫས་ཡིན་པ།
བོད་ལྗོངས་འཁོར་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཞབས་ཞུའི་ཚན་རྩལ་ཚད་ཡོད་ཀུང་སི་ནི་མིག་སྔར་གངས་ལྗོངས་ས་མཐོའི་གད་སྙིགས་ཕྱིར་བསྡུ་དང་རྒྱུན་མཐུད་འཕེལ་རྒྱས་ལ་དོ་སྣང་ཆེ་བའི་སྤྱི་ཚོགས་རྣམ་པའི་ཁེ་ལས་ཤིག་ཡིན་པ་དང་། ཀུང་སིའི་ལས་འགན་གཙོ་བོ་ནི་ས་མཐོར་གཏོགས་པའི་རྒྱུན་མཐུད་རང་བཞིན་གྱི་ཕྱིར་བསྡུའི་མ་ལག་འཛུགས་རྒྱུ་དེ་རེད། ཀུང་སིས་རྒྱུན་དུ་བསྐྱར་སྤྱོད་ཐུབ་པའི་འགྱིག་སྙིགས་མང་པོ་ཞིག་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་ཟུང་འབྲེལ་བྱས་ཏེ། དོན་སྙིང་ལྡན་པའི་ཐོན་རྫས་གསར་པ་མང་པོ་ཞིག་ལས་སྣོན་བྱེད་ཀྱི་ཡོད་པས། པདྨ་རྒྱ་མཚོས་རྒྱུན་དུ་གད་སྙིགས་རིགས་དབྱེ་བྱས་ནས་བསྐྱར་སྤྱོད་ཐུབ་པའི་འགྱིག་དམ་ཁེབས་གཅོད་སོགས་མ་འགུལ་དང་བླངས་ངང་ཀུང་སི་དེར་མཁོ་སྤྲོད་བྱེད་བཞིན་ཡོད་པ་དང་། ཀུང་སིས་ཀྱང་གསར་གཏོད་ཀྱི་ཐོན་རྫས་མི་ཉུང་བ་ཞིག་སྐྱེ་བོ་རྣམ་པའི་མིག་ལམ་དུ་བཤམས་ཡོད།

འདི་ནི་པདྨ་རྒྱ་མཚོས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་པདྨ་རྒྱ་མཚོས་ཀློག་པ་པོ་དང་ལྷན་དུ་དཔེ་ཀློག་གི་ཉམས་མྱོང་སྤེལ་བཞིན་པ།
དཔེ་ཀློག་གི་དྲི་བཟང་ལུས་སེམས་ལ་སིམས་ན་ཚོར་བ་ཧ་ཅང་སྐྱིད་པས། པདྨ་རྒྱ་མཚོ་རྒྱུན་དུ་དཔེ་ཀློག་བགྲོ་གླེང་ལ་ཞུགས་རྒྱུར་ཧ་ཅང་དགའ་པོ་ཡོད་པ་དང་། དེ་བཞིན་དུས་ཚོད་ཡོད་རིམ་བཞིན་སློབ་གྲྭ་ལ་སོགས་པར་བསྐྱོད་ནས་གྲོན་ཆུང་དར་སྤེལ་གཏོང་དགོས་ཚུལ་དང་ཞར་དང་ཞོར་དུ་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་ཚུལ་ལ་སོགས་པའི་གཏམ་བཤད་མང་པོ་སྤེལ་གྱི་ཡོད་པ་རེད། པདྨ་རྒྱ་མཚོས་བགྲོ་གླེང་མང་པོ་བརྒྱུད་ནས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་ཀུང་སི་ཞིག་བཙུགས་ན་ཕན་པ་མེད་དམ་སྙམ་སྟེ། འབད་པ་ཧུར་སྐྱེད་ཀྱིས་བོད་ལྗོངས་ཡིད་འཕྲོག་ཁོར་སྲུང་ཚན་རྩལ་ཞབས་ཞུ་ཚད་ཡོད་ཀུང་སི་འཛུགས་པའི་ལས་ལ་བྲེལ། ཀུང་སི་དེ་ནི་སྤྱི་ལོ་2024ལོར་ཐོ་འགོད་བྱས་པའི་ཀུང་སི་ཞིག་ཡིན་པ་དང་། པདྨ་རྒྱ་མཚོ་ནི་ཁྲིམས་བཀོད་ངོ་ཚབ་པ་ཡིན་པ་རེད། ཀུང་སི་དེའི་དམིགས་ཡུལ་གཙོ་བོ་ནི་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྩ་དོན་དུ་བཟུང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་ཐུབ་པ་བཟོ་རྒྱུ་དེ་ཡིན་པ་རེད། ཀུང་སིའི་ལས་གཉེར་ཁྱབ་ཁོངས་སུ་གཙོ་བོ་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུ་དང་ཕྱིར་ཚོང་། སྐྱེ་ཁམས་སླར་གསོ་དང་སྐྱེ་ཁམས་སྲུང་སྐྱོང་གི་ཞབས་ཞུ། བསྐྱར་སྤྱོད་ཐོན་ཁུངས་ལས་སྣོན་བྱ་རྒྱུ་སོགས་ཡིན་པ་རེད། ཀུང་སིས་ལས་ཞོར་དུ་མང་ཚོགས་རྣམས་ལ་པར་རིས་དང་། བརྙན་ཐུང་། མཉམ་འགུལ་རོལ་རྩེད་སོགས་ཀྱི་ལམ་ནས་གད་སྙིགས་རིགས་དབྱེ་བྱེད་ཐབས་དང་ཐོན་ཁུངས་གྲོན་ཆུང་བྱེད་སྟངས་སོགས་ཀྱི་ཤེས་བྱ་སློབ་ཀྱི་ཡོད་པ་དང་། ལོ་རེར་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྒྲོག་འགྲེལ་བྱེད་སྒོ་ཆ་སྙོམས་ཐེངས་བཅུ་ཙམ་སྤེལ་གྱི་ཡོད་པ་རེད། མ་འོངས་པའི་འཆར་གཞི་སྐད་ཆ་འདྲི་སྐབས་ཁོང་གིས“རྗེས་སུ་སྔར་ལས་ལྷག་པའི་སྒོ་ནས་སྔོན་ཐོན་གྱི་བསྐྱར་སྤྱོད་ཐོན་ཁུངས་ལས་སྣོན་ཁེ་ལས་དང་མཉམ་ལས་བྱས་ནས། ཤོག་རོ་དང་། འགྱིག་རོ། ལྕགས་རོ། གློག་རྡུལ་སྒྲིག་ཆས་ཆག་རོ་སོགས་ཀྱི་བསྐྱར་སྤྱོད་རིན་ཐང་དེ་བས་ཆེ་བ་ཞིག་བཟོ་ཐུབ་རྒྱུར་འབད་བརྩོན་བྱས་ནས། ཟོག་རོས་ཁོར་ཡུག་ལ་གནོད་འཚེ་བཟོ་ཚད་དམའ་རུ་གཏོང་བའི་འཆར་གཞི་ཡོད”ཅེས་བཤད། མང་ཚོགས་མང་པོ་ཞིག་གི་སེམས་ནང་ཁོང་གིས་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་རྒྱུན་ཆད་མེད་པར་ཐོན་རྒྱུར་སྐུལ་འདེད་གཏོང་གི་ཡོད་པའི་ཚོར་བ་ཟབ་མོ་བྱུང་ཡོད།

འདི་ནི་པདྨ་རྒྱ་མཚོས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་གཏམ་བཤད་སྤེལ་བཞིན་པ།
ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་ག་དུས་བར་དུ་བྱེད་རྩིས་ཡོད་དམ་ཞེས་འདྲི་སྐབས། ཁོང་གིས“རང་ཉིད་མ་ཤི་བར་དུ་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་རྒྱུན་འཁྱོངས་བར་བྱེད་ཀྱི་ཡིན”ཞེས་བཤད་པ་དང་། བཅར་འདྲི་ཚར་ལ་ཉེ་བའི་སྐབས་སུ། ཁོང་གིས“གོ་ལ་ཧྲིལ་པོ་གཅིག་ལ་གཅིག་རྟེན་ངང་མཉམ་དུ་གནས་པ་ཞིག་ཡིན་པས། ཚང་མས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཞུགས་ན་དོན་ངོ་མར་རང་སོ་སོ་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པས། ལྷན་རྒྱས་ཚང་མའི་སེམས་སུ་ལྗང་མདོག་འདུ་ཤེས་གཏིང་ཟབ་ཟུག་པར་བྱས་ནས། ནུས་པ་ཅི་ལྕོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཞུགས་རྒྱུའི་རེ་བ་ཆེན་པོ་ཡོད”ཅེས་བཤད།
(གསར་འགོད་པ། ཉི་མ་ཚེ་རིང་། བསོད་ནམས་མཚོ་མོ། དཔལ་མཆོག བསོད་ནམས་དབང་འདུས། སྐལ་བཟང་སྒྲོལ་དཀར)
འབྲེལ་ཡོད་གསར་འགྱུར།