ལཉྫ་དང་ཝརྟུའི་བྲིས་རྒྱུན་སྐོར་རགས་ཙམ་གླེང་བ།
ཏང་དང་རྒྱལ་ཁབ་ནས་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་བའི་ཐད་ལ་སྲིད་ཇུས་བཟང་པོ་མང་པོ་སྟོན་ཡོད་ལ། ལྷག་པར་དུ་བོད་ལྗོངས་ཀྱི་རིག་དངོས་མྱུར་སྐྱོབ་ཀྱི་ཐད་ལ་མཐོང་ཆེན་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་བྱས་ཡོད། ཐོག་མར་ཡིག་གཟུགས་ཤིག་ངོ་སྤྲོད་བྱེད་དགོས་ཚེ། འདིའི་འབྱུང་ཁུངས་འཚོལ་དགོས་པ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། རང་རྒྱལ་དུ་སཾསྐྲྀཏ་དར་བའི་ལོ་རྒྱུས་རག་ཙམ་བརྗོད་ན། རང་རྒྱལ་དུ་རྒྱ་ནག་ཏུ་དར་བའི་སཾསྐྲྀཏ་དང་བོད་དུ་དར་བའི་སཾསྐྲྀཏ་གཉིས་སུ་དབྱེ་ཞིང་། འདིར་བོད་དུ་དར་བའི་སཾསྐྲྀཏ་ཞིབ་པར་བརྗོད་དོ། ང་རང་གི་ངོས་ནས་བརྗོད་ན། ལཉྫ་དང་ཝརྟུའི་རྒྱལ་ཁབ་རིམ་པའི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་སྐུ་ཞབས་འགྱུར་མེད་ཚུལ་ཁྲིམས་ལགས་ཀྱི་དྲུང་ནས་ཡིག་གཟུགས་དེ་གཉིས་པོར་སྦྱོང་སྐལ་བྱུང་སྟེ་གྲུབ་འབྲས་ཀྱང་ངེས་ཅན་ཐོབ་བྱུང་།
མི་རིགས་ཁག་གི་ཕུལ་བྱུང་རིག་གནས་དར་སྤེལ་དང་སྲུང་སྐྱོབ། ཕན་ཚུན་འབྲེལ་འདྲིས་གང་ལེགས་བྱས་ནས། ལེགས་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བར་ཕན་པ་གང་ལེགས་སྐྲུན་པ། བསམ་པའི་དཔལ་ཡོན་གྱི་ཆུ་ཚད་གོང་མཐོར་གཏོང་བར་ནུས་ཤུགས་གང་མང་བཏོན་ནས། མི་རིགས་སོ་སོའི་ཁྱད་ལྡན་རིག་གནས་བྱ་གཞག་ལས་གསོན་ཤུགས་གསར་པ་འཕེལ་ཐུབ་པ་བྱ་རྒྱུ་ནི་ང་ཚོ་ཚང་མའི་ཕྲག་ཐོག་གི་འགན་འཁྲི་ཞིག་རེད་སྙམ།
དང་པོ། ལཉྫ་དང་ཝརྟུ་གཉིས་ཀྱི་ཕྱག་རྒྱུན་དང་དེའི་བྲིས་རྒྱུན་སྐོར་གླེང་བ།
གཅིག ཡིག་གཟུགས་སོ་སོའི་ཚད་ལྡན་བྲིས་རྒྱུན།
དེ་ཡང་ཡི་གེའི་གཟུགས་གང་ཡིན་རུང་དེ་ལ་རང་རང་སོ་སོར་བྲིས་རྒྱུན་ཚད་ལྡན་ཤིག་ཡོད་པ་བཞིན། ལན་ཝར་ཡང་དེ་ལས་མ་འདས།
1.ཐིག་རྩ་ཟིན་སྟངས། ལན་ཝར་གཉིས་ཀྱི་ཐིག་རྩ་ནི་བོད་ཡིག་གི་ཡིག་གཟུགས་དང་མི་འདྲ་བར། སྤྱིར་ལཉྫ་འབྲི་བར་ཐིག་དྲུག་དགོས་ལ་ཝརྟུ་ལ་ལྔ་དགོས། ཐིག་གཉིས་བར་གྱི་རིང་ཚད་ཀྱང་གང་བེད་སྤྱོད་པའི་སྨྱུག་ཁམས་གཉིས་ཙམ་དགོས།
ཝརྟུ་ཡང་དེ་དང་སྨྱུག་ཁམ་ཆ་ཡིན་ཡང་ཐིག་ལྔ་ལས་མེད། གལ་ཏེ་གྱང་ལྡེབས་སུ་འབྲི་བའི་ཡིག་རིགས་ཡིན་ཚེ་ཐིག་རྩ་ནི་གོང་གི་ ཐིག་ལྔའམ་དྲུག་གི་རྨང་གཞིའི་ཐོག་རེའུ་མིག་ལྟ་བུའི་ཐིག་རྩའི་ནང་འབྲི་དགོས།
ལན་ཝར་གྱི་སྨྱུག་ཁ་ཆེ་ཆུང་དང་ཐིག་རྩ་དྲ་མིག་རེ་རེའི་ཆེ་ཆུང་གཅིག་མཚུངས་ཡིན་དགོས་ཤིང་། དྲ་མིག་གི་བྲིས་རྒྱུན་ལྟར་ན་གཞུང་ལ་ཐིག་ལྔའམ་བདུན་དང་། ཡི་གེ་མི་འདྲ་བས་བཟུང་པའི་ཐིག་རྩའི་ཆ་ཚད་ཀྱང་ངེས་གཏན་ཡོད་དེ། དཔེར་ན། ཨ་ལྟ་བུ་ཡི་གེ་ཆ་ཚད་འབྲིང་བ་དག་གིས་ཞེང་ཚད་ལ་བཞི་དང་ཕྱེད་བཟུང་ཡོད་ལ། གསལ་བྱེད་རྐྱང་པ་ཕ་དང་གསལ་བྱེད་ཆ་ཚད་སྙོམས་པ་ཁ་ལ་སོགས་པར་དབྱངས་ཨཱ་བཏགས་པ་ལྟ་བུ་ཆ་ཚད་རིང་བས་ཞེང་ལ་དྲུག་དང་ཕྱེད་ཀ ན་ལྟ་བུ་ཡི་གེ་ཐུང་བས་ཆ་ཚད་གཉིས་དང་ཕྱེད་ཀ ཕྥལྟ་བུས་ཤི་ཏ་རིང་བས་བཅུ་དང་ཕྱེད་ཀ ཡི་གེ་དམིགས་བསལ་རྣམ་བཅུ་དབང་ལྡན་དང་སྡེ་པ་རེ་རེའི་གསལ་བྱེད་དག་བརྩེགས་པ་ཅན་གྱི་རྣམ་པའི་ཡི་གེ་དག་ནི་འཕྲེད་གཞུང་གཉིས་ཀས་གོང་དག་ལས་མང་བ་བཟུང་ཡོད། ལན་ཝར་གྱི་ཐིག་ཚད་འཛིན་ཚུལ་ནི་ཁྱུང་པོ་གཡུ་ཁྲིའི་ཡི་གེའི་གཞུང་དུ་བཀོད་པའི་ཆ་ཚད་དང་འདྲ་བའི་ཆ་ཡོད།
2.སྨྱུག་ཁ་འཛིན་སྟངས། ཡིག་གཟུགས་མི་འདྲ་བར་སྨྱུག་ཁ་མི་འདྲ་བས་འབྲི་དགོས་ཏེ། དཔེར་ན། ཁམས་བྲིས་དབུ་ཅན་ལྟ་བུར་མཚོན་ན། གཡོན་དུ་གསེག་ཆེན་ཡིན་ལ། དབུས་གཙང་ཁུལ་དུ་དར་བའི་དབུ་མེད་ཀྱི་ཡིག་གཟུགས་ཀྱི་སྨྱུག་ཁ་ནི་གཡས་སུ་གསེག་ཆུང་ཡིན། ལན་ཝར་གཉིས་པོ་ནི་སྤྱིར་གཡས་སུ་གསེག་ཆེན་ཡིན་པ་མ་ཟད། སྨྱུག་ཁ་ཡང་ཅུང་མཐུག་པར་དགོས། གང་ལགས་ཤེ་ན། ཡིག་གཟུགས་འདི་གཉིས་ནི་བོད་ཡིག་ལྟར་སྒོར་ཆ་ཅན་འགའ་ལས་མེད་པ། སྨྱུག་རིམ་ཅུང་རྣོ་ཟུར་ཅན་དང་གཅོད་མཚམས་སོགས་ཤིན་ཏུ་གསལ་པོ་ཡོད་པས། ལག་ལེན་དངོས་ནང་སྨྱུག་ཁ་ཅུང་སྦོམ་པ་དེས་ཡི་གེ་དེ་གཉིས་འབྲི་སྐབས་མཛེས་ཆའི་རང་བཞིན་ཆེན་པོ་ཡོད་དོ།
གཉིས་པ། མིག་སྔར་བོད་དུ་ཡོད་པའི་ལན་ཝར་གྱི་ཕྱག་རྒྱུན་མི་འདྲ་བ་ཁག་གསུམ།
སྤྱིར་བོད་ཡོངས་སུ་ད་ལྟ་ལན་ཝར་འབྲི་ཚུལ་མི་འདྲ་བ་གསུམ་ཙམ་སྣང་སྟེ། དབུས་གཙང་ཁུལ་དུ་དར་བ་དང་། མདོ་སྨད་ཡུལ་དུ་དར་བ། ལྡེབས་རིས་སམ་རྡོ་བརྐོས་སོགས་སུ་བཀོད་པའི་ཁོང་གསེང་དང་ཤ་ཆེན་ཡི་གེ་བཅས་སུ་སྣང་། དེ་གསུམ་པོ་ལས་གོང་མ་གཉིས་ཀྱི་ཡི་གེའི་བཟོ་ལྟར་ཁྱད་པར་དེ་ཙམ་མེད་རུང་། སྨྱུག་རིམ་དང་ཡི་གེ་འགའ་ཞིག་གི་ཐད་ལ་ཁྱད་པར་ཅུང་ཙམ་ཡོད་དེ། ཞིབ་ཕྲ་གཤམ་གསལ་ལྟར།
1.དབུས་གཙང་ཁུལ་གྱི་ཕྱག་རྒྱུན།
དབུས་གཙང་ཁུལ་དུ་དར་བའི་ཕྱག་རྒྱུན་ནི་སྨིན་གླིང་ལོ་ཆེན་གྱི་ཕྱག་རྒྱུན་ཡིན་ལ། དེང་གི་རྒྱུན་འཛིན་པ་ནི་ནོར་བུ་གླིང་ཁར་བཞུགས་པའི་སྐུ་ཞབས་འགྱུར་མེད་ཚུལ་ཁྲིམས་རེད། ཁོང་ལ་རྒྱལ་ཁབ་རིམ་པའི་ལན་ཝར་རྒྱུན་འཛིན་པའི་གོ་མིང་ཡང་གནང་ཡོད། ཁོང་གིས་སྔ་རྗེས་སུ《གངས་ལྗོངས་མེས་པོའི་ཕྱག་རྒྱུན་བློ་གསལ་བུང་བའི་དགའ་ཚལ》དང《ལན་ཝར་གྱི་ཕྱི་མོ་འཕགས་བོད་ལོ་པཎ་གྱི་ཕྱག་རྒྱུན་ཀེ་ཏ་ཀ》སོགས་དཔེ་སྐྲུན་གནང་། སྤྱིར་འབྲི་ཚུལ་དེ་སྦྱོང་བའི་སྐབས་སུ་དང་སྦྱོང་མཁན་གྱི་སེམས་ལ་ལན་ཝར་རྡོ་རྗེ་སྐེད་འཇུས་ཞེས་ངེས་དགོས། འདི་ལྟ་བུའི་གོ་རིམ་དེ་ནི་དེང་གི་སཾསྐྲྀཏ་དང་ཧིན་རྡུའི་སྐད་གྱི་རྒྱུན་སྤྱོད་ཡིག་གཟུགས་དེ་བ་ནཱ་ག་རིའི་ཡིག་གཟུགས་དང་འདྲ་བའི་ཆ་ཡོད་རུང། འོན་ཀྱང་ལན་ཝར་གཉིས་པོ་ནི་ཡི་གེའི་མགོ་ཐད་ཀར་འབྲི་བ་ལས། མགོ་འབྲེལ་ནས་འབྲི་སྲོལ་མེད་དོ།
2.དེང་སྐབས་མདོ་ཁམས་ཡུལ་དུ་དར་བའི་ཕྱག་རྒྱུན།
མདོ་ཁམས་སུ་དར་བའི་ཕྱག་རྒྱུན་དེ་ནི་སྤྱིར་བླ་བྲང་བཀྲ་ཤིས་འཁྱིལ་དུ་དར་བའི་ཕྱག་རྒྱུན་དེ་ཡིན་པར་གྲགས། དེ་ཡང་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་གྱི་སྐུ་རིང་ལ་རྩེ་དྲུང་ཐུབ་བསྟན་རྒྱལ་མཚན་གདན་དྲངས་ནས་བྲིས་རྒྱུན་སྤེལ་བར་མཛད། ཕྱིས་སུ་ཉེ་རབས་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་ལགས་ཀྱིས་སྔ་ཕྱིར《ལཉྫའི་མ་ཕྱི》དང《ཝརྟུའི་མ་ཕྱི》གཉིས་པོ་དཔེ་སྐྲུན་གནང་བ་དང་། དེ་ནས་མདོ་སྨད་ཀྱི་རྟ་མགྲིན་མགོན་པོ་ལགས་ཀྱིས་དེང་གི་གློག་ཀླད་དུ་ཕབ་གནང་བའི་ལན་ཝར་གཉིས་ཀྱི་ཡིག་གཟུགས་ཡང་དེ་ཡིན་ནོ། དེ་ནི་དབུས་གཙང་ཁུལ་གྱི་བྲིས་རྒྱུན་དང་སྤྱིའི་འབྲི་ཚུལ་གཅིག་པ་ཡིན་རུང་། འོན་ཀྱང་མདོ་ཁམས་ཁུལ་གྱི་སྨྱུག་རིམ་ཅུང་མི་འདྲ་བ་ནི། ཡི་གེ་ག་གེ་མོའི་དཀྱིལ་ནས་མི་འབྲི་བར། སྔོན་ལ་ཡི་གེའི་མགོ་དང་དཔུང་པའི་ཆ་བྲིས་ནས། དེ་ནས་རིམ་བཞིན་གཞན་རྣམས་འབྲི་བ་འདི་ནི་བོད་ཡིག་གི་དབུ་ཅན་དབུ་མེད་ཀྱི་སྨྱུག་རིམ་དང་འདྲ་ཤས་ཆེའོ་སྙམ། ཡི་གེའི་བཟོ་ལྟའི་ཐད་ལ་ཅུང་རྣོ་ཟུར་ཅན་ཡོད་པ་མ་ཟད། ཡི་གེ་འགའ་རེར་གཟུགས་མི་འདྲ་བའང་ཡོད།
3.ལན་ཝར་ཤ་ཆེན།
གོང་དུ་བརྗོད་པའི་བྲིས་རྒྱུན་དེ་གཉིས་ཀ་ལཉྫ་ཁོང་གསེང་གི་རིགས་སུ་གཏོགས་ལ། ཤ་ཆེན་ནི་ཐིག་རྩ་སོགས་ཐད་ཁྱད་པར་ཆེན་པོ་ཡོད། ཐིག་རྩ་ནི་དྲ་དབྱིབས་ཅན་ཡིན་ལ། དེ་ལས་ཁོང་གསེང་ནི་ཡི་གེའི་དཀར་ཆ་དག་ཕྱིའི་བཟོ་ལྟ་ནས་མཚོན་པར་བྱས་ཏེ། ནག་ཆ་ཤུགས་སུ་མངོན་པར་བྱེད་པ་དང་། ཤ་ཆེན་ནི་འདི་ལས་ལྡོག་སྟེ། ནག་ཆར་ཐིག་ཅིག་བྲིས་ནས་དཀར་ཆ་ཤུགས་སུ་མཚོན་པར་བྱེད། གོང་གི་བྲིས་རྒྱུན་གཉིས་པོའི་ཡི་གེའི་དཔུང་པའི་འབྲེལ་མཚམས་ནི་སྨྱུག་ཁའི་བཟོ་ལྟ་མངོན་པར་བྱས་ནས་བྲིས་མཚམས་འཇོག་སྐབས་སྨྱུག་ཁ་ཆ་ཚང་བཙུགས་ནས་འབྲི་བ་ལྟར་མིན་པར། ཤ་ཆེན་དང་ཁོང་གསེང་གཉིས་ལས་གྱང་ལྡེབས་སུ་འབྲི་བའི་རིགས་དག་ནི་དཔུང་མཚམས་སུ་དྲང་པོར་འབྲི་བ་དང་། ཡི་གེའི་གུག་མཚམས་སུ་ཟུར་ཉུང་ལ། ཅུང་སྒོར་ཆ་ཅན་གྱི་ཚུལ་དུ་འབྲི་བཞིན་ཡོད།
གསུམ་པ། ཡིག་གཟུགས་གཉིས་པོའི་བེད་སྤྱོད་ཁྱབ་ཁོངས།
1.ཤིང་ཏ་ལའི་ལོ་མའི་རྒྱ་དཔེ་ཞིབ་འཇུག
ཤིང་ཏ་ལའི་ལོ་མའི་རྒྱ་དཔེ་ནི། གནའ་བོའི་རྒྱ་གར་ནས་བྱུང་བའི་ཆེས་ཁྱད་ལྡན་གྱི་རིག་གཞུང་ཉར་ཚགས་བྱེད་ཐབས་ཤིག་ཡིན་ལ། མིང་གཞན་ལ་རྒྱ་དཔེ་ཡང་ཟེར། ནང་དོན་གཙོ་བོ་ནི་སངས་རྒྱས་ཀྱི་བཀའ་དང་། པཎྜི་ཏ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་རྣམས་ཇི་བཞིན་དུ་བྲིས་ཡོད། ཕྱིས་སུ་བོད་ཀྱི་ལོ་ཙཱ་བ་དུ་མས་བོད་ལ་ནང་འདྲེན་དང་དུས་མཚུངས་སུ་ཡིག་སྒྱུར་བྱས་ཡོད། དེ་ཡང་ཡུལ་དུས་མི་འདྲ་བ་ནས་དྲངས་པའི་རྒྱ་དཔེའི་ཡིག་གཟུགས་ལའང་མི་འདྲ་བ་ཡོད་དེ། དཔེར་ན། ཀསྨིར་རམ་ཁ་ཆེའི་ཡི་གེ ནཱ་ག་རིའི་ཡི་གེ་དང་དེ་བ་ནཱ་ག་རའི་ཡི་གེ་སོགས་ཡོད། ཡི་གེ་འདི་དག་ཞིབ་ཕྲ་གཟིགས་པར་འདོད་ཚེ། བོད་ལྗོངས་ཤིང་ཏ་ལའི་ལོ་མའི་རྒྱ་དཔེ་ཞིབ་འཇུག་ཅེས་པའི་དུས་དེབ་ནང་ཞིབ་ཅིང་ཕྲ་བ་འཁོད་ཡོད། ལན་ཝར་གཉིས་ཀྱི་ཡིག་གཟུགས་ཀྱང་དང་ཐོག་ཤིང་ཏ་ལའི་ལོ་མའི་རྒྱ་དཔེའི་ཐོག་ཏུ་བཀོད་ནས་བོད་དུ་དར་བ་དང་། ཡིག་གཟུགས་དེ་གཉིས་པོ་གཞན་དང་བསྡུར་ན་ཤིན་ཏུ་ནས་མཛེས་ཆ་དང་ལྡན་ལ་ཚགས་དམ་པས། བོད་ཡུལ་དུ་རྒྱ་ཆེར་དར་ལ་སྤྱོད་མང་བས། ད་ལྟའི་བར་དུ་གནས་ཡོད་དོ །
2.མི་ཁྱིམ་ནང་དུ་བཀོད་པའམ་འབྲི་བ།
མི་ཁྱིམ་སོགས་སུ་ཅུང་འབྲི་མང་བའི་ནང་དོན་ནི། གོང་དུ་ཞུས་ཟིན་པའི་སངས་རྒྱས་ཀྱི་གཟུངས་སྔགས་སམ། ཡང་ན། རྣམ་བཅུ་དབང་ལྡན་ཧཀྵམལཝརཡྃ་སོགས་ཡིན། ཟེར་སྲོལ་དུ་རྣམ་བཅུ་དབང་ལྡན་ཁང་སྟེང་དུ་བཀལ་ན་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་མནན་ནས་བཀྲ་ཤིས་པར་བྱེད་པ་དང་། གཟའ་སྐར་འཕྲོས་སྦྱོར་ངན་པའི་གནོད་པ་ཐམས་ཅད་ཟློག་པར་བརྗོད།
བཞི་པ། ཡིག་གཟུགས་ལན་ཝར་གཉིས་ཀྱི་རིན་ཐང་དང་ཕྱིས་ཀྱི་འཕེལ་ཕྱོགས་སྐོར་གླེང་བ།
1.རིག་གཞུང་རྒྱུན་འཛིན་དང་དར་འཕེལ་ཐད་ཀྱི་རིན་ཐང་།
ཕུལ་བྱུང་གི་རིག་གནས་ནི་རྒྱལ་ཁབ་བམ་མི་རིགས་ཀྱི་གཟུངས་ལྟ་བུ་ཡིན་ལ། འཛམ་བུ་གླིང་སྤྱིའི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ལྟ་བུའང་ཡིན། འདི་ལྟ་བུའི་རིག་གནས་དག་མ་ཉམས་ཕྱིར་ང་ཚོ་རང་ངོས་ནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་དང་དར་འཕེལ་གཏོང་དགོས། གང་ལགས་ཤེ་ན《ས་སྐྱ་ལེགས་བཤད》ལས། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོ་འདི་ལྟར་མིན། །ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཞེས་པ་ལྟར། གནའ་མི་མཁས་པ་ཚོས་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་གྱི་བློ་གྲོས་དག་ང་ཚོས་ཤེས་རྟོགས་དང་འཚོལ་དཔྱད་སོགས་བྱེད་དགོས།
མིག་སྔའི་རྒྱ་དཔེར་ཞིབ་འཇུག་དང་བོད་རིག་པའི་ཞིབ་འཇུག ལོ་རྒྱུས་ཡིག་ཚང་ཞིབ་འཇུག་སོགས་ཀྱི་བྱ་གཞག་ལའང་། ཡི་གེ་འདི་གཉིས་པོ་སྤྱོད་སྒོ་ཆེ་ལ། རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུའང་ཡི་གེ་བཟོ་ལྟ་འདྲ་བ་ནོར་ནས་བྲིས་ཡོད་པ་དེ་དག་མ་དག་རྒྱུན་འབྱམས་སྤོང་བར་ཕན་ལ། ཕུལ་བྱུང་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བར་ཡང་ཕན་ཆེན་པོ་ཐོགས་སྲིད།
2.སློབ་ཆེན་སློབ་མའི་རྒྱུན་སྲིང་སློབ་སྦྱོང་ཐད་ཀྱི་རིན་ཐང་།
བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཆེས་ལས་ཀྱི་སློབ་མ་ལྟ་བུར་མཚོན་ན། སློབ་དུས་གཅིག་རིང་ལེགས་སྦྱར་གྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད། དེའི་རིང་ལ་མཚམས་སྦྱོར་ལྔའི་བརྡ་སྤྲོད་ཙམ་མ་ཟད། དེ་བ་ནཱ་ག་རའི་ཡིག་གཟུགས་ངོས་འཛིན་དང་། དེའི་ཀློག་ཐབས་སོགས་སྦྱོང་དགོས་པས། སྔོན་ནས་ལན་ཝར་གཉིས་ཀྱི་གཟུགས་ལ་ཅུང་ཟད་རྒྱུས་མངའ་ཡོད་ཚེ། ཡིག་གཟུགས་ངོས་འཛིན་སྐབས་སུའང་འབྲི་ཚུལ་འདྲ་བ་ཕན་ཚུན་གཤིབ་བསྡུར་གྱི་ཐབས་སོགས་སྤྱད་ནས་སྦྱོང་བ་སོགས་ཀྱི་ཐབས་མང་དུ་སྤྱད་ཆོག་པས། ཐོས་པ་གསོག་པའི་བརྒྱུད་རིམ་གྱི་ཁྲོད་དུ་དེ་ལྟ་བུའི་དཀའ་གནད་འཕྲད་མི་སྲིད་ལ། ད་དུང་ཕྱིས་སུ་འདིའི་ཐད་ལ་ཞིབ་འཇུག་གི་བློ་སྒོའང་འབྱེད་ཐུབ་བོ།
(བོད་ལྗོངས་སློབ་ཆེན་25ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་འཛིན་གྲྭའི་ཤེས་རམས་ཞིབ་འཇུག་སློབ་མ་བསྟན་འཛིན་མཛངས་མ་དང་23ལོའི་བོད་སྐད་ཡིག་དགེ་འོས་འཛིན་གྲྭ་གཉིས་པའི་མིག་དམར་ཚེ་རིང)
འབྲེལ་ཡོད་གསར་འགྱུར།