དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བྱིས་པའི་སྙན་ངག་ཁག་གཉིས།

    ཀརྨ་དབང་གྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-26

    དཔྱིད་ཀ

    དཔྱིད་ཀ་ནི་ཁམ་བུའི་མེ་ཏོག་གི་རྣ་རྒྱན་བཏགས་པའི།

    བུ་མོ་ཆུང་ཆུང་དེ་ཡིན།

    དཔྱིད་ཀ་ནི་རྩྭ་ལྗང་མཉེན་མོ་གདན་དུ་བཏིང་པའི།

    བུ་མོ་ཆུང་ཆུང་དེ་ཡིན།

    གཅེས་མིང་ལ་རེ་བ་ཟེར་བའི་བུ་མོ་ཆུང་ཆུང་དེས།

    མ་འོངས་ཞེས་པའི་ཤོག་དཀར་གྱི་སྟེང་དུ།

    ཁྲ་ཆིལ་ཆིལ་གྱི་རྨི་ལམ་འབྲི།

    འོད་ལམ་ལམ་གྱི་སང་ཉིན་འབྲི།

    བྱིའུ་ཆུང་དག་གི་གྲེ་འགྱུར་སྙན་མོ།

    བུ་མོ་ཆུང་ཆུང་ལ་བླངས་པ་དང་།

    ཆུ་ཕྲན་འདི་ཡང་།

    བུ་མོ་ཆུང་ཆུང་བཞིན།

    མ་འོངས་འཚོལ་བར་ཆས་སོང་།

    ཨ་མའི་ཨམ་ཕྲག

    ང་རང་སྐྱེ་དུས་སུ།

    ཨ་མའི་ཨམ་ཕྲག་ནས།

    འོ་མའི་ཆུ་རྒྱུན་བརྡོལ་ཡོང་བས།

    ཨ་མའི་ཨམ་ཕྲག་ནི།

    ཚེ་སྲོག་གི་མ་མ་དེ་ཡིན་ཨང་།

    ང་རང་བྱིས་པའི་དུས།

    ཨ་མའི་ཨམ་ཕྲག་ནས།

    སྐབས་རེ་བྱི་རིལ་ཐོན་ཡོང་།

    སྐབས་རེ་ཀུ་ཤུ་སྨིན་ཡོང་།

    སྐབས་རེ་རྩེད་ཆས་སྦྱིན་ཡོང་བས།

    ཨ་མའི་ཨམ་ཕྲག་ནི།

    སྒྱུ་མ་མཁན་གྱི་ཁུག་མ་དེ་ཅི་ལ་མིན།

    མིག་ཧྲིག་ཧྲིག་གིས།

    ཨ་མའི་ཨམ་ཕྲག་ལ་ལྟ་དུས།

    ཨ་མའི་ཨམ་ཕྲག་གིས།

    ངའི་རེ་བ།

    ཆུད་ཟོས་སུ་གཏན་ནས་གཏོང་མ་མྱོང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།