མི་ཚེའི་ལམ་སྟོན་བཟང་པོ།
ཨོ་རྒྱན་ཚེ་རིང་།
ང་དང《བོད་ལྗོངས་ཉིན་རེའི་ཚགས་པར》དབར་གྱི་ལས་དབང་ནི་1983ལོར་ང་རང་དམག་དཔུང་ལ་ཞུགས་པའི་ལོ་ཟླ་དེ་ནས་འགོ་ཚུགས་ཤིང་། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་། ཁྱེད་ནི་ངའི་མི་ཚེའི་ལམ་སྟོན་སྒྲོན་མེ་ཞིག་ལྟར། རིག་གནས་རྨང་གཞི་ཞན་པའི་གཞོན་ནུ་ཞིག་རིམ་གྱིས་རྩོམ་རིག་གི་ཞིང་སར་མྱུལ་བའི་ལམ་བུ་གསལ།
1983ལོར་ང་རང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས་པ་དང་། བོད་ལྗོངས་ལྷོ་ཁ་དམག་ཁུལ་ཁང་དུ་དམག་མི་གསར་པའི་སྦྱོང་བརྡར་ཟླ་བ་གསུམ་བྱས་རྗེས། ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་མི་དམངས་དྲག་ཆས་པུའུ་རུ་མངགས། དམག་ཞབས་ལོ་གསུམ་རིང་། སྔ་རྗེས་སུ་མ་བྱན་དང་འཕྲིན་སྐྱེལ་བ་སོགས་བྱས་པ་ཡིན། སྐབས་དེ་དུས་ངའི་རིག་གནས་རྨང་གཞི་དམའ་འབྲིང་གི་ཆུ་ཚད་ལས་མེད་པས། སྐབས་དེའི་དྲག་ཆས་པུའུ་ཡི་པུའུ་ཀྲང་ཕུར་བུས་ངའི་ཡར་ཐོན་གྱི་བསམ་པ་ཤེས་ནས་ང་ལ་ངང་རྒྱུད་རིང་པོས་རིག་གནས་ཤེས་བྱར་སྦྱངས་བརྩོན་བྱེད་དགོས་པའི་སློབ་སྟོན་ཡང་ཡང་གནང་མྱོང་། དྲན་གསོ་ཞིག་བྱེད་སྐབས། དེ་དུས་པུའུ་ཀྲང་ལགས་ནས་བོད་ཡིག་གི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་གང་ཡིན་བཀའ་འདྲི་གནང་སྐབས། དེ་ལ་ལན་འདེབས་མི་ཐུབ་པའི་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད་ལ། ལན་འདེབས་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཀྱང་རྩ་བ་ནས་མེད། དེ་ཐོག་ནས་ངའི་རིག་གནས་ཀྱི་རྨང་གཞི་ཧ་ཅང་ཞན་པ་གསལ་པོར་ཤེས་ཐུབ།
ཕྱིས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་རྒན་ལགས་རྣམ་པའི་རོགས་རམ་དང་ཆེད་ལས་ཀྱི་ཁྲིད་སྟོན་འོག ངའི་གསར་འགྱུར་རྩོམ་འབྲིའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས། གསར་འགྱུར་དང་། པར་རིས་གསར་འགྱུར། ད་དུང་སྐབས་འགར་གསར་རྩོམ་བྱས་པའི་རྩོམ་རིག་བརྩམས་ཆོས་ཚགས་པར་དུ་མང་པོ་འགོད་ཐུབ་བྱུང་། ཚགས་པར་ལས་ཁུངས་ཀྱི་རྒན་ལགས་རྣམ་པའི་གསོ་སྐྱོང་དང་རྒྱབ་སྐྱོར་ལས། ང་རང་སྔ་རྗེས་སུ《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ཕུལ་བྱུང་འཕྲིན་སྤེལ་བ་དང་། བོད་ལྗོངས་རླུང་འཕྲིན་ལས་ཁུངས་དང་། 《བོད་ལྗོངས་གཞོན་ནུའི་ཚགས་པར》 《ལྷ་ས་དགོང་དྲོའི་ཚགས་པར》སོགས་སྨྱན་སྦྱོར་གྱི་ཕུལ་བྱུང་འཕྲིན་སྤེལ་བར་ཡང་བདམས་མྱོང་། 2000ལོར《ལྷོ་ཁའི་ཚགས་པར》ལས་ཁུངས་དབུ་བརྙེས་རྗེས། ངས་སྔ་རྗེས་སུ་ལྷོ་ཁའི་ཚགས་པར་ལས་ཁུངས་ཀྱི་འཕྲིན་སྤེལ་བ་དང་ཆེད་བསྐོས་གསར་འགོད་པ་བྱས་ཤིང་། ཕུལ་བྱུང་འཕྲིན་སྤེལ་བ་དང་ཕུལ་བྱུང་ཆེད་བསྐོས་གསར་འགོད་པའི་གཟེངས་བསྟོད་ཀྱང་ཐེངས་མང་ཐོབ་མྱོང་།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ནི་ངའི་ངོས་ནས་བརྗོད་ན་ཤེས་བྱ་བརྒྱུད་ཁྲིད་བྱེད་མཁན་གྱི་ལམ་སྟོན་དགེ་རྒན་ཞིག་ཡིན་པ་མ་ཟད། ངའི་སྙིང་སྟོབས་གསོ་སྐྱོང་བྱེད་མཁན་གྱི་བསམ་པའི་རྒྱགས་ཕྱེ་ལྟ་བུའང་ཡིན། རྒན་ལགས་ཚོའི་སྐུལ་ལྕག་ལས་ངའི་བོད་ཡིག་གི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་རྒྱ་ཡིག་གི་རྨང་གཞིའང་ལེགས་སུ་སོང་། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་ངས་རང་སྦྱོང་དང་འཕྲིན་སློབ་སོགས་བརྒྱུད་དེ་སློབ་སྦྱོང་ལ་འབད་བརྩོན་བྱས་པ་བརྒྱུད། སྔ་རྗེས་སུ་རྒྱལ་ཡོངས་གཅིག་གྱུར་གྱི་བོད་སྐད་ཡིག་འབྲིང་རིམ་ཆེད་ལས་ཀྱི་ཡོན་ཚད་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་སློབ་ཀྱི་དཔལ་འབྱོར་དོ་དམ་ཆེད་ཚན་སློབ་ཆེན་དང་། ཁྲིམས་ལུགས་ཆེད་ལས་ཀྱི་དངོས་གཞིའི་ཡོན་ཚད་ཐོབ་བྱུང་།
ལས་དབང་དེའི་གསོ་བཅུད་འོག་ངས་པར་ལེན་དང་རྩོམ་རིག་གསར་རྩོམ་གྱི་ཁྱབ་ཁོངས་སུ་མུ་མཐུད་བརྩོན་པ་བྱས་པར། པར་ལེན་ཐད་བདག་ལ་རྨང་གཞི་བརྟན་པོ་ཡོད་པས། ཀྲུང་གོ་པར་ལེན་མཐུན་ཚོགས་དང་། བོད་ལྗོངས་པར་ལེན་མཐུན་ཚོགས་སོགས་ཆེད་ལས་མཐུན་ཚོགས་མང་པོའི་ཚོགས་མིར་གྱུར། དེ་སྔ་བོད་ལྗོངས་པར་ལེན་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། ཀྲུང་གོ་པར་ལེན་བརྩམས་ཆོས་བདག་དབང་མཐུན་ཚོགས་ལྷོ་ཁ་གྲོང་ཁྱེར་གྱི་དབུ་བཞུགས་འཐུས་མིའི་འགན་ཁུར་མྱོང་ལ། དུས་མཚུངས་སུ་བོད་ལྗོངས་མཛེས་རྩལ་ཡིག་གཟུགས་མཐུན་ཚོགས་ལྷོ་ཁ་ཡན་ལག་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོ་སྒྱུ་རྩལ་པར་ལེན་སློབ་ཚོགས། ཀྲུང་གོ་དངུལ་རྩའི་པར་ལེན་མཐུན་ཚོགས། ཀྲུང་གོ་དམངས་སྲོལ་མཐུན་ཚོགས་བཅས་ཀྱི་ཚོགས་མིའི་འགན་ཡང་ཁུར་མྱོང་། གཞན་ཡང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསུམ་པ་ནས་དྲུག་པའི་བར་གྱི་རྩོམ་རིག་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བསྟུད་མར་བདམས་མྱོང་།
རྩོམ་རིག་གསར་རྩོམ་ཐད། ངས་བློ་རྩེ་གཅིག་སྒྲིམ་གྱིས་བྱིས་པའི་རྩོམ་རིག་དང་། བོད་རིགས་ལོ་ཆུང་བྱིས་པའི་དཔེ་ཀློག་གི་དགོས་མཁོ་དང་འཚམ་པའི་གཏམ་རྒྱུད་མང་པོ་བརྩམས་པ་སྟེ། 2015ལོའི་ཟླ་1ཚེས་1ཉིན། བདག་གིས་བརྩམས་པའི《བྱིས་པའི་གཏམ་རྒྱུད་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། དཔེ་དེབ་འགྲེམས་སྤེལ་བྱས་མ་ཐག་ཀློག་པ་པོ་མང་པོའི་དགའ་བསུ་དང་གདེང་འཇོག་བཟང་པོ་ཐོབ་སྟེ། 2024ལོའི་ཟླ་10པའི་བར་པར་སྐྲུན་ཐེངས་བཞི་པ་ལེགས་གྲུབ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་དེབ་གྲངས་15000ལྷག་ཙམ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།
བདག་དང《བོད་ལྗོངས་ཉིན་རེའི་ཚགས་པར》དབར་གྱི་ལས་དབང་ལ་ཕྱི་མིག་ཅིག་བལྟས་ཚེ། དམག་སྒར་ནང་གི་ཤེས་རྨོངས་དང་རིག་གནས་ཞན་པའི་དམག་མི་གསར་པ་ནས་ད་ཆ་གསར་འགྱུར་དང་། པར་ལེན། རྩོམ་རིག་བཅས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་ཕྲན་བུ་ཐོབ་པ་དེ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་རྣམ་པའི་སྐུལ་ལྕག་དང་ཁ་འབྲལ་ཐབས་མེད། ལོ་བཅུ་ཕྲག་ཁ་ཤས་རིང་། ཚགས་པར་གང་དེས་ངའི་འགྱུར་ལྡོག་ལ་བདེན་དཔང་བྱས་པ་མ་ཟད། ང་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་ཀྱང་གནང་བྱུང་།
ད་ལོ་ནི《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་བདུན་ཅུ་འཁོར་བའི་དུས་བཟང་ཡིན་པས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། བདག་གི་དབུགས་ཀྱི་རྒྱུ་བ་མི་ཆད་ཚེ། བདག་དང་ཚགས་པར་དབར་གྱི་ལས་སྦྲེལ་ནམ་ཡང་ཆད་མི་སྲིད། ད་ཆ་ང་རང་ལོ་ན་མཐོ་བའི་ཁར་ཚ་བོ་ཚ་མོར་ལྟ་རྟོག་བྱེད་དགོས་སྟབས། རྩོམ་ཡིག་དང་པར་རིས་མཁོ་འདོན་བྱེད་པ་ཅུང་ཉུང་ཡང་། ལོ་མང་རིང་ཚགས་པར་མངགས་ཉོ་བྱས་ཏེ་ལྟ་བའི་ངའི་གོམས་གཤིས་བཟང་པོར་འགྱུར་བ་གཏན་ནས་མེད།
འབྲེལ་ཡོད་གསར་འགྱུར།