དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱུན་སྤྱོད་ཚན་རིག་མིང་བརྡའི་སྒྱུར་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཚན་རིག་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་སྐྱེ་བོ་ཀུན་གྱི་འཚོ་བ་དང་སློབ་སྦྱོང་། ལས་ཀ་སོགས་གང་ཅིའི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། དཔེར་ན། ལག་ཐོགས་ཁ་པར་ལ་ཆ་མཚོན་ན་འདི་ནི་སྤྱོད་ཤུགས་ཧ་ཅང་ཆེ་བའི་གློག་ཆས་ཤིག་ཡིན་ཟེར་ཆོག ཅ་དངོས་ཆུང་ཆུང་འདིའི་ནང་འཛམ་བུ་གླིང་གི་གནས་ཚུལ་གསར་ཤོས་མཐོང་ཐུབ་ལ་གློག་བརྙན་དང་གླུ་གཞས་ལྟ་ཉན་བྱེད་ཐུབ་ཅིང་། དེ་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོར་གྱུར་ཡོད། དེ་ལྟ་བུའི་ཐོན་རྫས་གསར་པ་ཇེ་མང་དུ་འགྲོ་སྐབས་རང་རེའི་སྐད་ལ་ཇི་ལྟར་བསྒྱུར་ན་རྣ་བར་གོ་བདེ་ཞིང་ཁ་ནས་ཀློག་བདེ་བ་དང་གཅིག་གྱུར་གྱི་སྒྱུར་གང་འདྲ་ཞིག་བཟོ་དགོས་པ་ནི་སེལ་དཀའ་བའི་དཀའ་གནད་ཅིག་རེད། ཡིན་ནའང་རྒྱུན་སྤྱོད་ཚན་རིག་མིང་བརྡ་རྣམས་ལ་གཅིག་གྱུར་གྱི་ཐ་སྙད་ཡོད་དགོས་པ་ནི་གལ་འགངས་ཆེ་བས་གཤམ་ལ་གནད་དོན་དག་ལ་དམིགས་ནས་རྒྱུན་སྤྱོད་ཚན་རིག་མིང་བརྡའི་སྒྱུར་ཐབས་སྐོར་བློས་གང་དཔོག་གིས་གླེང་བར་བྱ།

    དང་པོ། རྒྱུན་སྤྱོད་ཚན་རྩལ་མིང་མཐའི་ལོ་ཙཱའི་གནས་བབ་དང་གནད་དོན།

    གཅིག རྒྱུན་སྤྱོད་ཚན་རྩལ་ལོ་ཙཱའི་གནས་བབ།

    ཉེ་བའི་ལོ་འགའི་རིང་ལ་སྤྱི་ཚོགས་ཡར་རྒྱས་དང་དེང་རབས་ཚན་རྩལ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཚན་རྩལ་ནང་འདྲེན་དང་གསར་སྒྱུར་བྱེད་པའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བྱ་དངོས་གསར་པ་དང་ལག་རྩལ་གསར་པ་དག་མཚོན་པའི་བརྡ་ཆད་གསར་པའང་ལོ་ཙཱ་བའི་རང་ཐད་བློར་ཤོང་གིས་གྱུར་དང་འགྱུར་བཞིན་ཡོད། རང་རེའི་ཚན་རིག་ལོ་ཙཱའི་བྱ་གཞག་འགོ་ཚུགས་ཅུང་ཕྱི་ལ་ཚན་རིག་བརྡ་ཆད་གཅིག་གྱུར་ཞིག་དང་ཚད་འཛིན་དུ་རུང་བའི་རྩ་དོན་ཞིག་ཧ་ལམ་གཅིག་གྱུར་བྱུང་མེད་པ་མ་ཟད། འགྱུར་མང་ཞིང་བཀོལ་སྤྱོད་ཉུང་བའི་སྣང་ཚུལ་ཡང་ཐོན་བཞིནཡོད།

    གཉིས། རྒྱུན་སྤྱོད་ཚན་རྩལ་གྱི་ལོ་ཙཱའི་གནད་དོན།

    སྤྱིར་རྒྱུན་སྤྱོད་ཚན་རྩལ་མིང་བརྡ་ཟེར་བ་ནི་གཙོ་བོ་དེང་དུས་ཚན་རིག་འཕེལ་རྒྱས་དང་འགྲོགས་ནས་བྱུང་བའི་དུས་རྒྱུན་འཚོ་བའི་ཁྲོད་སྐྱེ་བོ་རྣམས་ཀྱིས་བཀོལ་སྤྱོད་མང་ཞིང་ཕན་ཐོགས་ཆེ་བ། ཕན་ཚུན་འབྲེལ་འདྲིས་དང་འགྲོ་འོང་བཅས་དོར་ཐབས་མེད་པའི་མིང་བརྡ་དག་ལ་གོ་བ་ཞིག་ཡིན། དེང་སྐབས་མིང་བརྡ་གསར་པའི་ལོ་ཙཱར་འགྱུར་སྐྱོན་མང་ཞིང་བཀོལ་སྤྱོད་ཉུང་བ། རྙོག་འཛིང་ཆེ་བ། གནད་དུ་མི་འཁེལ་བ་སོགས་ཀྱི་གནད་དོན་མང་དག་ཅིག་ཐོན་རུང་། དམིཌ་གསལ་གྱི་གནད་དོན་ནི་འགྱུར་སྐྱོན་མང་ཞིང་བཀོལ་སྤྱོད་ཉུང་བ་དང་གཅིག་གྱུར་གྱི་ལོ་ཙཱའི་རྩ་དོན་མེད་པ་དེ་ཡིན་འདུག

    གཅིག་གྱུར་གྱི་ལོ་ཙཱའི་རྩ་དོན་ཞིག་མེད་པ་དང་རྩ་དོན་ནམ་ཚད་གཞི་ནི་བྱ་བ་གང་ཞིག་སྒྲུབ་རུང་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད། ཚན་རིག་ལོ་ཙཱར་ཆ་མཚོན་ན་ལས་དོན་འགོ་ཚུགས་ཅུང་ཕྱི་བའི་རྐྱེན་གྱིས་ད་བར་གཅིག་གྱུར་གྱི་རྩ་དོན་ཆ་ཚང་ཞིག་གྲུབ་ཐུབ་མེད་པས་ལོ་ཙཱ་བ་རང་ཉིད་ཀྱི་བློ་བཞིན་བསྒྱུར་ནས་འགྱུར་མང་ལ་རྙོག་འཛིང་ཆེ་བའི་སྣང་ཚུལ་ཇེ་མང་དུ་སོང་བས་དམངས་བྱིངས་སྤྱོད་མི་བདེ་བའམ་སྤྱོད་མི་ཤེས་པའི་གནས་སུ་ལྷུང་ཡོད།

    དེར་བརྟེན། རྒྱུན་སྤྱོད་ཚན་རྩལ་མིང་བརྡ་རྣམས་ལ་གཅིག་གྱུར་གྱི་རྩ་དོན་ཞིག་བཟོ་ཐུབ་ན་སྒྱུར་བྱེད་རིག་གནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་མི་ཆུང་བ་ཞིག་ཐོན་ཐུབ།

    ༡ དོན་གོ་སླ་ཞིང་ཁ་གསལ་བ་དང་ཚིག་སྡུད་ཀྱི་རྩ་དོན།

    མིང་མཛོད་རིག་པར་བརྡ་ཆད་བསྡུས་ཤིང་ཁ་གསལ་དགོས་པའི་བླང་བྱ་བཏོན་པ་བཞིན་ཚན་རྩལ་ཡིག་ཆ་བསྒྱུར་བའི་དགོངས་གཞི་ནི་ཚན་རྩལ་ཤེས་བྱ་ཀློག་པ་པོར་བརྒྱུད་སྤྲོད་བྱ་རྒྱུ་དེ་ཡིན་ལ་དེར་སྤྱོད་པའི་སྐད་ཆའི་རྣམ་པ་དང་ཁྱད་པར་དུ་ཚན་རྩལ་ནང་དོན་མངའ་བའི་བརྡ་ཆད་བསྡུས་ཤིང་ཁ་གསལ་དགོས་པའི་བླང་བྱ་བཏོན་ཡོད།

    ༢ བོད་ཡིག་གི་ཚན་རྩལ་སྐད་ཆ་དང་བརྡ་ཆད་ཚད་དང་མཐུན་པ། རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞིར་མཐུན་པའི་རྩ་དོན།

    མིང་བརྡ་གསར་པ་རྣམས་བོད་ཀྱི་སྐད་ཆའི་འགྲོས་དང་མཐུན་དགོས་པ་མ་ཟད་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་མཐུན་དགོས། རྒྱལ་སྤྱིའི་གཅིག་གྱུར་གྱི་མིང་འདོགས་རྩ་དོན་ལ་ཟུར་ལྟ་བྱས་ནས་གཅིག་གྱུར་གྱི་བརྡ་ཆད་གསར་པ་སྦྱོར་དགོས།

    གཉིས་པ། རྒྱུན་སྤྱོད་ཚན་རྩལ་མིང་བརྡའི་སྒྱུར་ཐབས་བྱེ་བྲག་ཏུ་བཤད་པ།

    སྤྱིར་ལོ་ཙཱ་གང་ཞིག་ཡིན་རུང་རྩ་དོན་དང་ཚད་གཞི་ནི་རྨང་གཞི་ལྟ་བུར་བཟུང་ནས་བྱེ་བྲག་གི་སྒྱུར་ཐབས་རྣམས་གང་ལ་གང་འཚམ་གྱིས་དེ་དང་བསྟུན་ནས་སྒྱུར་དགོས་པ་ནི་རྒྱུན་ཤེས་ཞིག་ཏུ་གྲུབ་ཡོད། དེང་གི་ཚན་རིག་བརྡ་ཆད་གསར་པ་མང་དག་ནི་བོད་དུ་སྤྱིར་སྤྱོད་མྱོང་མེད་པ་ཞིག་ཡིན་པས། ཡིག་སྒྱུར་ཐད་དཀའ་ཚེགས་ཆེ་བ་ནི་ཤེས་གསལ་ལྟར་རེད། ཡིན་ནའང་དུས་རབས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ཕྱིར་ཚན་རྩལ་གྱི་མིང་བརྡའི་ཡིག་སྒྱུར་དག་བོད་ཀྱི་ལོ་ཙཱའི་རྩ་དོན་གསུམ་ལས་མི་འགལ་བར་བོད་རང་ལ་གོ་བདེ་ཞིང་གཅིག་གྱུར་གྱི་ཚན་རིག་མིང་བརྡ་ཞིག་ཡིག་སྒྱུར་བྱེད་ཐུབ་པ་བྱ་རྒྱུ་ནི་ལོ་ཙཱ་བ་ཞིག་གི་འགན་འཁྲི་ཡིན་ལ་སྒྱུར་བྱེད་རིག་གནས་འཕེལ་རྒྱས་གཏོང་བའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན་ངེས།

    ཡིག་སྒྱུར་གང་རུང་ཞིག་ལ་མཚོན་རུང་མིང་བརྡའི་དག་ཆ་ལ་འཆུགས་སྐྱོན་མེད་པར་བྱ་རྒྱུ་ནི་གཞི་རྩའི་བླང་བྱར་འཛིན་དགོས་པ་ནི་གལ་ཆེ་ཞིག་ཡིན། གལ་ཏེ་འཆུགས་སྐྱོན་བྱུང་ན་བསྒྱུར་བྱའི་ནང་དོན་ཡང་དག་པར་མཚོན་མི་ཐུབ་པའི་ཁར་ཀློག་པ་པོ་རྣམས་གོ་བ་ལོག་ཉེན་ཡོད།

    གཅིག ཐད་སྒྱུར།

    སྒྱུར་ཐབས་དེ་ནི་བརྡ་ཆད་གསར་པའི་དོན་སླ་ཞིང་སྟབས་བདེ་བའི་སྒྱུར་ཐབས་ཞིག་ཡིན། རྣམ་པའི་ཆ་ནས་མ་ཡིག་ལ་བསྟུན་དྲགས་ན་བཙན་སྒྱུར་བྱུང་ཉེན་ཡོད་པས་ཡིད་གཟབ་བྱེད་དགོས། ཐད་སྒྱུར་ནི་སྒྱུར་ཐབས་བཞི་པོའི་ཁྲོད་ཅུང་ལས་སླ་ཞིང་ཚན་རྩལ་མིང་བརྡ་ལོ་ཙཱ་བྱེད་པར་སྒྱུར་ཐབས་མེད་དུ་མི་རུང་བ་ཞིག་ཡིན་པར་སྙམ། དཔེར་ན། “电梯”གློག་སྐས། “暖气”དྲོད་རླངས་ལྟ་

    བུ་ནི་མ་ཡིག་གི་དོན་ཇི་མ་ཇི་བཞིན་དུ་བོད་ཡིག་ལ་བསྒྱུར་ནས་གོ་བདེ་ཞིང་སྤྱོད་བདེ་བ་ཞིག་ཡིན་པས་སྒྱུར་ཐབས་དེ་སྤྱོད་ཤུགས་ཅུང་ཆེ་བ་ཞིག་རེད།

    གཉིས། དོན་སྒྱུར།

    དོན་སྒྱུར་བྱེད་སྐབས་ལོ་ཙཱའི་རྩ་དོན་ལ་གཞིགས་ནས་མིང་མཐའི་ནང་དོན་ལྟར་ཇི་མ་ཇི་བཞིན་དུ་སྒྱུར་པ་ལས་རང་ཉིད་ཀྱི་གང་འདོད་ལྟར་སྒྱུར་པ་དང་མིང་བརྡའི་ཁྱད་ཆོས་ཤོར་ནས་ཚིག་སྐམ་པོར་སྒྱུར་བ་སོགས་མི་ཐོན་པ་བྱེད་དགོས། དཔེར་ན། “照相机”པར་ཆས། “下载”ཕབ་ལེན་ལྟ་བུ་ནི་ཧ་ཅང་གོ་བདེ་ཞིང་བློ་ལ་ངེས་བདེ་བ། རིག་གནས་ཆུ་ཚད་ཅུང་ཞན་པའི་སྐྱེ་བོ་ལ་མཚོན་ན་ཡང་ཐེངས་གཅིག་འགྲེལ་བཤད་བརྒྱབ་ན་རྟོགས་ཐུབ།

    གསུམ། སྒྲ་སྒྱུར།

    སྒྲ་སྒྱུར་ནི་མ་ཡིག་གི་ཚན་རིག་བརྡ་ཆད་དམ་ཆེད་སྤྱོད་ཐ་སྙད་དེ་དབྱིན་ཡིག་ལ་ཇི་ལྟར་ཡོད་པ་བཞིན་བོད་ཡིག་ཏུ་དེའི་སྒྲ་ཐོན་པར་བྱེད་པ། ཚན་རིག་བརྡ་ཆད་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་ཞེས་པའི་ནང་། འདི་ལ་སྔོན་ཆད་རྒྱ་ཡིག་གི་སྒྲ་ཇི་བཞིན་ཐོན་པ་མང་ནའང་དབྱིན་ཡིག་གི་སྒྲ་ཐད་ཀར་བོད་ཡིག་ཏུ་བསྒྱུར་ན་ཆོག་པ་དང་དེ་དབྱིན་བོད་གསལ་བྱེད་ཡི་གེའི་ལྟོས་གྲུབ་ཀྱི་འབྲེལ་བ་ཡོད་ཅེས་འཁོད་འདུག་པས་དབྱིན་བོད་ལྟོས་གྲུབ་ནི་ལ་ཏིང་ཡི་གེ་拉丁文བོད་ལ་བསྒྱུར་ཚུལ་དང་ཧ་ཅང་འདྲ་བར་འདུག དཔེར་ན། alferལ་ཨལ་ཧྥེར་ཞེས་བསྒྱུར་བ་དང་འདྲ།

    མདོར་ན། ཚན་རིག་འཕེལ་རྒྱས་ཤུགས་ཆེར་འགྲོ་ཞིང་མིའི་རིགས་ཀྱི་བསམ་པའི་འདུ་ཤེས་གོང་མཐོར་འགྲོ་བའི་དུས་སྐབས་འདིར་སྤྱི་ཚོགས་གོང་འཕེལ་དང་སྟོབས་འབྱོར་རྒྱས་པར་ལོ་ཙཱ་བ་རྣམས་ཀྱིས་ཅུང་གལ་འགངས་ཆེ་བའི་གནས་བབ་ཅིག་བཟུང་ཡོད། གང་ལགས་ཤེས་ན། རྒྱལ་སྤྱི་རྒྱལ་ནང་གི་ཚན་རྩལ་དང་། དཔལ་འབྱོར། སློབ་གསོ། རིག་གནས་བཅས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་རང་རིགས་ལ་ཕན་པའམ་མཁོ་བའི་ཤེས་བྱ་རྣམས་ལོ་ཙཱ་བྱས་ཏེ་དུས་བསྟུན་ཡར་རྒྱས་དང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ་ནི་ལོ་ཙཱ་བའི་འགན་འཁྲི་ཉག་གཅིག་ཡིན་པར་བསམ།

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་ལེ་ཚན་ལྟེ་གནས་གསར་འགྱུར་ཡིག་སྒྱུར་པུའུ། མིག་དམར་མཚམས་གཅོད)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།