དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི《རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ》ལ་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-23

    ནང་དོན་གནད་བསྡུས།《རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ》ཞེས་པ་ནི་དཔའ་བོ་གཙུག་ལག་ཕྲེང་བས་སྤྱི་ལོ་༡༥༦༣ལོར་ལྷོ་བྲག་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་མཛད་པའི་ཡིག་ཆ་ཞིག་ཡིན། རྣམ་ཐར་འདིར་ད་བར་ཤིང་པར་དང་བྲིས་མ། ལྕགས་པར་བཅས་ཀྱི་པར་གཞི་མི་འདྲ་བ་དུ་མ་ཡོད། ཡིག་ཆ་འདི་ནི་སྔོན་གྱི་རྣམ་ཐར་མི་འདྲ་བ་བཅུ་གསུམ་ལས་ལེགས་པར་བཏུས་ནས་བྲིས་པ་ཞིག་ཡིན་ཞིང་། ལོ་རྒྱུས་ཀྱི་དཔྱད་གཞི་ཁུངས་བཙུན་ལ་གྲངས་འབོར་མང་བའི་ཁྱད་ཆོས་ལྡན་པ་མ་ཟད། མར་པའི་འཁྲུངས་འདས་ལོ་ཚིགས་དང་། མར་པ་དང་ནཱ་རོ་པ་མཇལ་མིན་སྐོར་གྱི་སོགས་ཀྱི་ལོ་རྒྱུས་གནད་དོན་མང་པོར་ལུང་རིགས་གཉིས་ཀས་དཔྱད་པ་ཞིབ་ཚགས་པོ་གནང་ཡོད་པས། རྣམ་ཐར་འདི་ནི་ལོ་རྒྱུས་དཔྱད་བརྗོད་རང་བཞིན་འབུར་དུ་ཐོན་པའི་རྣམ་ཐར་ཞིག་ཡིན་པས་འདིར་ཞིབ་འཇུག་གི་རིན་ཐང་མི་དམན་པ་ལྡན་ཡོད་པའོ། །

    གནད་ཚིག མར་པའི་རྣམ་ཐར། དཔའ་བོ་གཙུག་ལག་ཕྲེང་བ། དཔྱད་བརྗོད་རང་བཞིན།

    གླེང་གཞི།

    དེ་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་འགོས་ལོ་གཞོན་ནུ་དཔལ(༡༣༩༢-༡༤༨༡)གྱིས་གངས་ཅན་གྱི་རྒྱུད་འདིར་བཤད་སྒྲུབ་གཉིས་ཀའི་སྒོ་ནས་བསྟན་པའི་བདག་པོར་གྱུར་པ་ནི་རྗེ་མར་པ་ལྷོ་བྲག་པ་ཡིན་ཞེས་གསུངས་པ་ལྟར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས(༡༠༡༢-༡༠༩༧)ནི་བོད་བརྒྱུད་ཐུབ་བསྟན་ཆོས་བརྒྱུད་ཆེན་པོ་བཞིའམ་ལྔ་ཡོད་པ་ལས་བཀའ་བརྒྱུད་བསྟན་པ་བོད་གངས་ཅན་ལྗོངས་སུ་ཐོག་མར་འཛུགས་མཁན་གྱི་མེས་པོ་ལྟ་བུ་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད།དེར་བརྟེན་དུས་སྐབས་མི་འདྲ་བར་ཁོང་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྣམ་ཐར་ཡིག་ཆ་མང་པོ་ཞིག་བྱུང་ཡོད་ཅིང་། དེ་དག་ལས་ཐོག་མར་རང་གིས་དངོས་སློབ་ཀྱིས་མཛད་པ་རྔོག་སྟོན་ཆོས་ཀྱི་རྡོ་རྗེའི(༡༠༢༣-༡༠༩༠)རིམ་བཞི་མ་ལྟ་བུ་དང་། ཡང་སློབ་ཀྱིས་མཛད་པ་ངམ་རྫོང་སྟོན་པས(དུས་རབས་༡༡)རྗེ་བཙུན་མི་ལ་རས་པ་དང་མར་པ་མགོ་ཡག་ནས་གསན་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལྟ་བུ་དང་། དེ་ནས་རིམ་བཞིན་དྭགས་པོ་ལྷ་རྗེས(༡༠༧༩-༡༡༥༣)མཛད་པའི་དགྱེས་མཛད་ཧེ་རུ་ཀ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར། རྒྱལ་དབང་རང་བྱུང་རྡོ་རྗེས(༡༢༨༤-༡༣༣༩)མཛད་པ་སྦྱངས་པ་ཅན་མར་པ་བློ་གྲོས་ཀྱི་རྣམ་མར། དེ་ནས་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན(༡༤༥༢-༡༥༠༧)གྱིས་མཛད་པའི་མར་པའི་རྣམ་ཐར་མཐོང་བ་དོན་ཡོད་དང་། རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེས(༡༥༠༧-༡༥༥༥)མཛད་པའི་མར་པ་ལོ་ཙཱ་བའི་རྣམ་ཐར་ངོ་མཚར་བསམ་ཡས། ཤཱཀྱའི་བཙུན་པ་ཆོས་རྒྱལ་དོན་གྲུབ་ཀྱིས་དུས་རབས་༡༦པར་མཛད་པའི་སྒྲ་སྒྱུར་མར་པ་ལོ་ཙཱའི་རྣམ་ཐར་ལམ་བཟང་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྣམ་ཐར་རྐྱང་པ་དང་། དེ་བཞིན་ཚལ་པ་ཀུན་དགའ་དགའ་རྡོ་རྗེའི(༡༣༠༩-༡༣༦?)དེབ་དམར་དང་། འགོས་ལོ་གཞོན་ནུ་དཔལ(༡༣༩༢-༡༤༨༡)གྱི་དེབ་སྔོན། རྟ་ཚག་ཚེ་དབང་རྒྱལ་གྱི་ལྷོ་རོང་ཆོས་འབྱུང་། འབྲུག་པ་པདྨ་དཀར་པོའི་(༡༥༢༧-༡༥༩༦)ཆོས་བྱུང་བསྟན་པའི་ཉིན་བྱེད།  སི་ཏུ་པཎ་ཆེན(༡༧༠༠-༡༧༧༤)དང་བེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་བཀའ་བརྒྱུད་གསེར་ཕྲེང་སོགས་སུ་ཕྱོགས་བསྡུས་སུ་འཁོད་པ་མང་པོ་ཡོད། འོན་ཀྱང་འདིར་གླེང་བར་བྱ་བའི་དཔའ་བོ་གཙུག་ལག་ཕྲེང་བས་དུས་རབས་༡༦པར་མཛད་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ་ནི་ལོ་རྒྱུས་མི་སྣ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལ་རྒྱུས་ལོན་ཡང་དག་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་བ་མ་ཟད། རྣམ་ཐར་གྱི་དཔྱད་གཞི་ཕུན་སུམ་ཚོགས་ཤིང་འབྲི་སྟངས་ཀྱི་ཐད་ནས་རྣམ་ཐར་གཞན་ལས་ལོ་རྒྱུས་དཔྱད་བརྗོད་རང་བཞིན་ཤུགས་ཆེ་བ་སོགས་ཀྱི་ཐུན་མིན་ཁྱད་ཆོས་འབུར་དུ་ཐོན་འདུག་སྙམ་པས་འདིར་མཁས་པའི་སྤྱན་སྔར་མི་གླེང་ཐབས་མེད་དུ་གྱུར་ཏོ།

    དང་པོ། རྣམ་ཐར་མཛད་པའི་རྒྱབ་ལྗོངས།

    དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་མར་པ་ལོ་ཙཱ་བའི་རྣམ་ཐར་འདིའི་མཚན་ཆ་ཚང་བར་རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་བཞུགས་སོ་ཞེས་ཞུ། འདི་ནི་ཁོང་རང་ཉིད་ཀྱིས་སྦྱར་བའི་གསུང་རྩོམ་གྱི་ཐོ་ཡིག་[①]ཏུ་གསལ་ཡོད་པ་མ་ཟད། རྣམ་ཐར་གྱི་མཛད་བྱང་དུ་ཡང་དཔལ་གཙུག་ལག་ཕྲེང་བ་མིང་གཞན་མ་ཕམ་ཆོས་ཀྱི་རྒྱལ་པོ་དོན་ཡོངས་སུ་གྲུབ་པས་ཞེས་མཛད་མཁན་གྱི་མཚན་དངོས་སུ་གསལ་ཡོད་པས་ཁོང་གི་བརྩམས་ཆོས་ཡིན་པར་དོགས་པ་མེད།

    གཅིག མཛད་པ་པོ་དང་། མཛད་ལོ། མཛད་ཡུལ་སྐོར།

    མཛད་པ་པོ་དཔའ་བོ་གཙུག་ལག་ཕྲེང་བ་ནི་བོད་རབ་བྱུང་བརྒྱད་པའི་ཤིང་བྱི་སྤྱི་ལོ་༡༥༠༤ལོར་བོད་དབུས་སྙེ་ཐང་དུ་སྐུ་འཁྲུངས་ཤིང་། རབ་བྱུང་དགུ་པའི་མེ་སྟག་སྤྱི་ལོ་༡༥༦༦ལོར་དགོངས་པ་རྫོགས། ཁྱོན་དགུང་གྲངས་༦༣བཞུགས། ཁོང་དགུང་ལོ་ལྔ་པར་ཀརྨ་པ་ཆོས་གྲགས་རྒྱ་མཚོས་དཔའ་བོ་ཆོས་དབང་ལྷུན་གྲུབ་ཅེས་པའི་སྤྲུལ་སྐུར་ངོས་བཟུང་ནས་སྒྲ་སྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་གདན་ས་ལྷོ་བྲག་དྲོ་བོ་ལུང་དུ་མངའ་གསོལ། དུས་དེ་ནས་བཟུང་ལྷོ་བྲག་དཔའ་བོ་སྤྲུལ་སྐུ་ཞེས་པའི་མཚན་སྙན་གྲགས་མགོ་ཚུགས། ཁོང་གིས་ཡོངས་འཛིན་བཀའ་དྲིན་ཤིན་ཏུ་ཆེ་བ་བརྒྱད་ཙམ་བསྟེན་ནས་དམ་པའི་ཆོས་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་གནང་ཡོད་མ་ཟད། སྐུ་ཚེ་ཕལ་ཆེ་བ་འཆད་རྩོམ་དང་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད་པ་དང་། དེ་མིན་ལྷོ་བྲག་དྲོ་བོ་ལུང་གི་གདན་ས་ཉམས་གསོ་འཕེལ་རྒྱས་གཏོང་བ་དང་། སྲས་མཁར་དགུ་ཐོག་ལ་གསེར་ཐོག་འབུབས་པ། དགེ་འདུན་གྱི་རྟེན་གཞི་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་སྤྲུལ་སྐུ་བཙལ་ཅིང་ཁྲི་འདོན་གནང་བ་སོགས་ཀརྨ་ཀམ་ཚང་གི་བསྟན་པ་གཙོར་བྱས་པའི་བོད་གངས་ཅན་གྱི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་སྐྱོང་བར་བསྟིམས་ཡོད། ཁོང་ནི་ཆོས་དང་རིག་གནས་ཀུན་ལ་མཁྱེན་རྒྱ་ཡངས་པའི་མཁས་གྲུབ་གཉིས་ལྡན་གྱི་མཁས་པ་ཞིག་ཡིན་པའི་ཆ་ནས། བོད་མི་ཕྱི་རབས་པ་རྣམས་ཀྱི་བགོ་སྐལ་དུ་གསུང་རྩོམ་རྩ་ཆེན་མང་པོ་བཞག་ཡོད་ཅིང་། དེ་དག་ལས་ད་ལྟ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྨྲ་བ་ཚོས་གཙུག་ཏུ་བཀུར་བ་ཆོས་འབྱུང་མཁས་པའི་དགའ་སྟོན་ལྟ་བུ་དང་། དེ་བཞིན་སྤྱོད་འཇུག་གི་འགྲེལ་ཆེན། ཕག་མོའི་རྣམ་བཤད་སོགས་མདོ་སྔགས་གཉིས་ཀྱི་བསྟན་བཅོས་དང་། དེ་མིན་སུམ་རྟགས་གཉིས་ཀྱི་འགྲེལ་པ་དང་། བསྔགས་ཀློག་ཐབས་སོགས་ཐ་སྙད་རིག་གནས་ཀྱི་གསུང་རྩོམ་སོགས་ཀྱང་ཡོད། ཡང་སྒོས་ཁོང་ཉིད་བཀའ་བརྒྱུད་པའི་ཆོས་རྒྱུད་འཛིན་མཁན་དང་། སྒྲ་སྒྱུར་མར་པའི་གདན་ས་འཛིན་མཁན་ཞིག་ཡིན་པའི་ཆ་ནས་སྒྲ་སྒྱུར་མར་པའི་ལོ་རྒྱུས་ལ་ཐུགས་སྣང་ཤིན་ཏུ་ཟབ་མོ་ཡོད་པར་བཤད་མི་དགོས་ཏེ། སྲས་མཁར་དགུ་ཐོག་ལ་གསེར་ཐོག་ཕུབ་དུས་སུའང་ཁོང་གིས་མར་མི་གཉིས་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྣམ་ཐར་རྣམས་ལ་དཔྱད་ཞིང་མང་པོ་མཛད་ཡོད་པ་ལོ་རྒྱུས་ན་གསལ། དེ་ལྟར་ན་སྐབས་འདིར་དཔའ་བོ་གཙུག་ལག་ཕྲེང་བར་རྣམ་ཐར་རྩོམ་སྒྲིག་བྱེད་པའི་ཆ་རྐྱེན་གཞན་ལས་ལྷག་པར་ཡོད་ཅེས་བཤད་ན་མི་ཆོག་པ་མེད་སྙམ།

    རྣམ་ཐར་འདི་ནི་དཔའ་བོ་གཙུག་ལག་ཕྲེང་བ་སྐུ་མ་གཤེགས་སྔོན་གྱི་ལོ་གསུམ་པ་སྟེ་དགུང་ལོ་དྲུག་ཅུའི་སྐབས་མཛད་པ་ཡིན་འདུག་ཅིང་། དེ་ཡང་མཛད་བྱང་ལས། རང་ལོ་དྲུག་ཅུ་པ་ཆུ་མོ་ཕག་གི་ལོ་ལ་ཞེས་གསལ་བ་ལྟར་ཏེ་སྤྱི་ལོ་ལྟར་ན་༡༥༦༣ལོར་འཁེལ་ཡོད། དེ་དུས་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་རྩོམ་པ་ཡང་ཡོངས་སུ་མཇུག་རྫོགས་མེད། འོན་ཀྱང་མཛད་པ་པོ་སྐུ་ཚེ་ཧྲིལ་པོའི་ངོས་ནས་བལྟས་ན་གཅིག་ནས་རང་ཉིད་ཀྱི་མི་ཚེར་ཕྱོགས་བསྡོམས་དང་། གཉིས་ནས་རང་ཉིད་ཀྱིས་ད་དུང་བསྒྲུབས་མ་ཟིན་པའི་ཕྱག་ལས་ཁག་ཅིག་མྱུར་དུ་སྒྲུབ་དགོས་པའི་དུས་སྐབས་དམིགས་བསལ་བ་ཞིག་ཡིན་སྙམ།

    མཛད་ཡུལ་ནི་མཛད་བྱང་ལས། རྗེ་དེ་ཉིད་ཀྱི་གདན་ས་ཆེན་པོ་དཔལ་གྲོ་བ་ལུང་སྲས་མཁར་སྤྲུལ་པའི་ཕོ་བྲང་ཆེན་པོ་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་མྱུར་བར་སྦྱར་བ་ལེགས་པར་གྲུབ་བོ་ཞེས་པ་ལྟར་དེང་གི་བོད་ལྗོངས་ལྷོ་ཁའི་ལྷོ་བྲོག་རྫོང་སྲས་ཤང་ཁོངས་སུ་གཏོགས་ཤིང་། ཡུལ་ལུང་འདིར་སྔོན་དུས་གྲོ་བ་ལུང་ཞེས་འབོད། དེང་དུས་སྲས་ཞེས་འབོད་པའོ། །འདིར་སྲས་མཁར་སྤྲུལ་པའི་ཕོ་བྲང་ཆེན་པོ་ཞེས་པ་ནི་ལོ་རྒྱུས་ཐོག་ཡོངས་གྲགས་རྗེ་བཙུན་མི་ལ་རས་པས་ཕྱག་བཏབ་པའི་སྲས་མཁར་དགུ་ཐོག་ལ་གོ་དགོས་པ་དང་། སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ཞེས་པ་ས་གནས་འདིའི་སྡེ་པ་བསྟན་འཛིན་རྒྱལ་པོས་སྦྱིན་བདག་གཙོ་བོར་བྱས་ཏེ་སྤྱི་ལོ་༡༥༥༡ནས་༡༥༦༤བར་གསར་བཞེངས་བྱས་པའི་གཙུག་ལག་ཁང་ཞིག་ཡིན། གཙུག་ལག་ཁང་འདི་སྲས་མཁར་དགུ་ཐོག་དང་འདབས་སྦྱར་ནས་བཞེངས་ཡོད་པས་ཕྱིས་སུ་སྲས་མཁར་དགུ་ཐོག་གི་མཚན་གྱིས་རྒྱས་བཀབ་ཏེ་གཙུག་ལག་ཁང་གི་མཚན་ནས་འབོད་མཁན་ཧ་ལམ་མེད་ཅིང་། གལ་སྲིད་ལོ་རྒྱུས་ཡིག་ཚང་གི་དཔང་པོ་མེད་ན་ངོས་འཛིན་དཀའ་བའི་གནས་སུ་ཐུག །དཔའ་བོ་གཙུག་ལག་ཕྲེང་བས་རྣམ་ཐར་འདི་ཉིད་མཛད་དུས་གཙུག་ལག་ཁང་དེ་ཉིད་ཧ་ལམ་བཞེངས་ཚར་ལ་ཉེ་ཞིང་། ཁོང་གིས་༡༥༦༤ལོར་མཛད་པའི་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་བྱུང་བ་བཞུགས་སོ་ཞེས་པའི་ཡིག་ཆར་བལྟས་ན་ལོ་འདིར་གཙུག་ལག་ཁང་གི་རི་མོ་ཞིབ་ཚགས་དང་། འདུ་ཁང་གི་གནམ་རྒྱན་གཡོགས་བཞིན་པའི་སྐབས་སུ་ཁེལ་ཡོད།

    གཉིས། མཛད་པར་སྐུལ་མཁན།

    རྣམ་ཐར་འདི་ཉིད་མཛད་པར་སྐུལ་མཁན་གྱི་མཛད་བྱང་དུ་“སྔོན་ནས་འདུན་པ་དང་ལྡན་པ་དུ་མས་བསྐུལ་བ་དང་། ཁྱད་པར་སྟག་ལུང་ཐང་པ་ཆེན་པོའི་གྭ་ཟིའི་གདུང་ལས་ས་སྐྱོང་བ་ནོར་བུའི་མཚན་ཅན་གྱིས་བསྐུལ་བ་དང་། བཀའ་བརྒྱུད་རིན་པོ་ཆེའི་བསྟན་པའི་སྦྱིན་བདག་སྟོབས་ཀྱིས་ས་སྐྱོང་བ་ཆེན་པོ་སྐུ་རབ་ནས་ས་སྐྱོང་གཡུ་རྒྱལ་བརྟན་པས་འཕྲལ་དུ་བསྐུལ་བས་ལས་”[②]ཞེས་གསལ་བ་ལྟར་རྣམ་ཐར་འདི་མ་མཛད་སྔོན་དུ་སྔ་ཕྱིར་སྐུལ་མཁན་དུ་མ་བྱུང་ཡོད་ཅིང་། གལ་སྲིད་དེ་ལྟ་བུའི་སྐུལ་མཁན་རྣམས་ཀྱིས་ལྷན་ཅིག་བྱེད་མཁན་མེད་ན་མཛད་མི་སྲིད་པ་ཡིན་ལ། ཡང་སྒོས་མཛད་པ་པོ་དང་དམིགས་བསལ་འབྲེལ་བ་ཡོད་པའི་སྐུལ་མཁན་གཉིས་ཀྱི་མཚན་དངོས་སུ་སྨོས་པ་ལས་དང་པོ་ས་སྐྱོང་ནོར་བུའི་མཚན་ཅན་ཞེས་པ་ནི་སྟག་ལུང་གྭ་ཟིའི་གདུང་རྒྱུད་ཡིན་ཞིང་། དེ་ཡང་སྟག་ལུང་བཀའ་བརྒྱུད་ཀྱི་མེས་པོ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་(1142-1210)གྱི་གདུང་རྒྱུད་ཡིན། གཞན་ས་སྐྱོང་ཆེན་པོ་སྐུ་རབ་ནས་ས་སྐྱོང་གཡུ་རྒྱལ་བརྟན་པ་ཞེས་པ་ནི་སྐབས་དེ་དུས་དབུས་གཙང་གཉིས་སུ་སྐད་གྲགས་ཆེ་བའི་སྡེ་པ་ཡར་སྐུར་གཙང་གསུམ་ཞེས་པའི་སྡེ་པ་སྐུ་རབ་ཀྱི་སྲིད་སྐྱོང་ཡིན་ཞིང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ཡན་ལག་གསུམ་པའི་ལེ་ཚན་བརྒྱད་པ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཆོས་འབྱུང་སྤར་དུ་སྒྲུབ་མཁན་གྱི་སྦྱིན་བདག་ཏུ་ས་སྐྱོང་གཡུ་རྒྱལ་བསྟན་པའི་རྒྱལ་མཚན་ཞེས་གསལ་བ་དང་མི་གཅིག་ཡིན་སྙམ།

    འདིར་གཡུ་རྒྱལ་བརྟན་པ་དང་།མཁས་པའི་དགའ་སྟོན་ཏུ་ས་སྐྱོང་གཡུ་རྒྱལ་བསྟན་པའི་རྒྱལ་མཚན་ཞེས་མཇུག་གི་ཚིག་གཉིས་འབྲི་སྟངས་ལ་ཁྱད་པར་ཅུང་འདུག་ཀྱང་། ཡིག་ཆ་གཉིས་ཀར་མི་སྣ་འདི་ཉིད་སྐུ་རབ་ཀྱི་ས་སྐྱོང་ཡིན་པར་གཅིག་མཐུན་ཡིན་པ་མ་ཟད་གཉིས་ཀར་བཀའ་བརྒྱུད་པའི་བསྟན་པའི་སྦྱིན་བདག་གཙོ་བའི་མིང་ཐོག་ནས་ཐོན་ཡོད་པས་ཡིག་གེ་བ་མི་འདྲ་བས་མཚན་ཟུར་གྱི་དོན་གོ་སྟངས་ལ་མི་འདྲ་བར་ཞིག་སྟེ་བྲིས་པ་ཡིན་སྙམ།

    གཉིས་པ། ཐུན་མོང་མ་ཡིན་པའི་ཁྱད་ཆོས།

    གཅིག དཔྱད་གཞིའི་ཡིག་ཆ་ཁུངས་བཙུན་ལ་ཕུན་སུམ་ཚོགས་པ།

    མར་པ་ལོ་ཙཱ་བར་རྣམ་ཐར་ཇི་སྙེད་ཅིག་ཡོད་པ་ལས་མང་ཆེ་བར་ཐུན་མོང་གི་ཁྱད་ཆོས་གཅིག་ནི་ལོ་རྒྱུས་ཀྱི་ཁུངས་སྣེ་རྐྱང་པ་ཡིན་ཞིང་གཏམ་རྒྱུད་རང་བཞིན་ཁྱད་ཆོས་ཤུགས་ཆེ་བ་མངོན་ཡོད། འོན་ཀྱང་རྣམ་ཐར་འདིའི་ཁྱད་ཆོས་ནི་འདི་ལས་ལྡོག་སྟེ་ལོ་རྒྱུས་ཀྱི་ཁུངས་སྣེ་ཕུན་སུམ་ཚོགས་པ་ཞིག་ཡིན་ཏེ། དེའི་མཇུག་བྱང་ལས། རྣམ་ཐར་དེ་མཛད་སྐབས་སྔ་ཕྱིར་མར་པ་ལོ་ཙཱ་བ་དང་འབྲེལ་བའི་རྣམ་ཐར་མི་འདྲ་བ་བཅུ་གསུམ་[④]དཔྱད་གཞིར་མཛད་པར་གསུངས་ཤིང་། རྣམ་ཐར་ནང་ཡིག་ཆའི་མིང་དངོས་སུ་གསལ་བ་ནི་༡.རྔོག་པའི་རྣམ་ཐར་རིམ་བཞི། ༢.མཚུར་ཕུ་པའི་བཀའ་རྒྱུད་གདུང་རབས། ༣.ཚལ་པའི་དེབ་དམར། ༤.ཞེ་སྡང་རྡོ་རྗེ་དང་མི་བསྐྱོད་རྡོ་རྗེའི་སྦྱར་བྱང་ཡོད་པའི་ལོ་རྒྱུས་ཐེ་ཚོམ་སེལ་བྱེད་གཉིས། ༥.ངམ་རྫོང་ལུགས་གཉིས། ༦.དེབ་སྔོན། ༧.སྤྱན་སྔ་ཆོས་འབྱུང་། ༨.ཚལ་པ་ཀུན་དགའ་རྡོ་རྗེས་བསྒྲིགས་པའི་རྣམ་ཐར་ཞེས་པ་དང་། གཞན་མཚན་དངོས་གང་ཡིན་མི་གསལ་བ་ལོ་རྒྱུས་བསྡུས་པ་ཡིད་ཆེས་པ་གཅིག་ཟེར་བ་དང་། རྣམ་ཐར་སྔ་རབས་མ་གཅིག་ཟེར་བ་ཡང་ཁུངས་མཛད་འདུག དེ་དག་ལས་རྔོག་པའི་རྣམ་ཐར་རིམ་བཞི་ནི་མར་པ་ལོ་ཙཱ་བའི་དངོས་སློབ་ཀྱི་མཛད་པ་པའི་ཡིག་ཆ་ཡིན་ཞིང་། དེ་མིན་ངམ་རྫོང་སྟོན་པས་མཛད་པའི་མར་པའི་རྣམ་ཐར་ཡང་ཤིན་ཏུ་ནས་སྔ་བའི་གྲས་ཡིན་ཏེ།

    ངམ་རྫོང་སྟོན་པ་ནི་མར་པའི་སློབ་མ་མར་པ་མགོ་ལེགས་སམ་མགོ་ཡག་ཅེས་པའི་སློབ་མ་ཡིན་ཞིང་། ཁོང་ལ་མར་པ་མགོ་ཡག་གིས་རྗེ་བཙུན་མར་པའི་རྣམ་ཐར་དངོས་སུ་གསུང་མྱོང་[⑤]བར་བཤད་པས། ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་ཤིན་ཏུ་ཁུངས་བཙུན་པར་བཤད་ཆོག་པ་མ་ཟད། མར་པའི་རྣམ་ཐར་སྤྱི་ལྡོག་ནས་ཀྱང་མར་པ་རང་གིས་གསུངས་པར་གྲགས་པའི་མགུར་ལ་གཞིར་བཞག་ནས་བརྗོད་ཅིང་། གཞན་མཚུར་ཕུ་པའི་བཀའ་རྒྱུད་གདུང་རབས་དང་། ཚལ་པ་ཀུན་དགའ་རྡོ་རྗེས་བསྒྲིགས་པའི་རྣམ་ཐར་ལྟ་བུར་མཚོན་ན་ད་ལྟ་མཇལ་དཀའ་བའི་དཔེ་ཆའི་གྲས་ཀྱང་དཔྱད་གཞིར་མཛད་ཡོད། ཡང་གཅིག་བཤད་ན་དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་ཤིང་ཁུངས་བཙུན་པའི་ཁྱད་ཆོས་ནི་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་གཞན་ལའང་ཡོད་པའི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ཏེ། དཔེར་ན་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་མཛད་པར་ཁྱོན་ལོ་རྒྱུས་ཀྱི་དཔྱད་གཞི་མི་འདྲ་བ་ཁག་བདུན་བཅུ་དོན་དྲུག་[⑥]ལྷག་དྲངས་ཡོད་པ་དང་། དེ་བཞིན་ཁོང་གིས་མཛད་པའི་སྤྱོད་འཇུག་འགྲེལ་ཆེན་དུ་ཡང་བསྟན་ཆོས་ལུང་དུ་དྲངས་པས་བསྡོམས་བདུན་བརྒྱ་ལྷག་[⑦]ཡོད་ཅིང་།མ་ཟད་ལུང་དུ་དྲངས་པའི་བསྟན་བཅོས་རྣམས་ཀྱང་ཁུངས་བཙན་ཤ་སྟག་ཏུ་སྣང་བས།འདི་ནི་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་རྩོམ་གྱི་སྤྱི་མཐུན་ཁྱད་ཆོས་ཤིག་རེད་ཅེས་ཟེར་ན་མི་ཆོག་མེད་སྙམ།

    གཉིས། ལོ་རྒྱུས་དོགས་དཔྱོད་རང་བཞིན་ཆེ་བ།

    ལོ་རྒྱུས་ཀྱི་དཔྱད་གཞིར་དོགས་དཔྱོད་བྱེད་པ་ནི་ལོ་རྒྱུས་སྨྲ་བ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བའི་བྱང་ཚད་ཅིག་ཡིན་ཞིང་། ལོ་རྒྱུས་དཔྱད་གཞི་འཚོལ་བསྡུ་དང་། བསྡུར་བ། བདམས་གསེས། དོགས་སེལ་སོགས་བྱས་པ་བརྒྱུད་ད་གཟོད་ཡིད་ཆེད་བྱེད་རིན་ཡོད་ལ་སྤུས་ཚད་ལྡན་པའི་ལོ་རྒྱུས་ཀྱི་བསྟན་བཅོས་རེ་མཛད་ཐུབ་པར་བཤད་ཆོག །

    དཔའ་བོ་གཙུག་ལག་ཕྲེང་བས་ལོ་རྒྱུས་ཀྱི་དཔྱད་གཞི་ཁུངས་དག་ཅིག་ཡིན་ཕྱིན་དོན་མེད་བཟོ་བཅོས་མི་བྱེད་པར། ལོ་རྒྱུས་དཔྱད་གཞི་དངོས་ལ་གཙིགས་ཆེན་གྱིས་ཇི་བཞིན་བཀོད་གནང་གི་ཡོད་དེ། དེའི་ཐད་ཁོང་གིས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལ་ཞིབ་འཇུག་གནང་མཁན་མཁས་པ་ཚོས་མང་དུ་གསུངས་ཟིན་པས་འདིར་བསྐྱར་བཤད་མི་བྱེད། འོན་ཀྱང་གལ་སྲིད་ལོ་རྒྱུས་ཀྱི་མི་སྣའམ་དོན་རྐྱེན་གཅིག་དང་འབྲེལ་བའི་དཔྱད་གཞི་ཁག་མང་པོ་ཡོད་ཚེ། ཁོང་གིས་དཔྱད་གཞི་འདི་དག་ཕྱོགས་གཅིག་ཏུ་སྤུངས་ནས་འཇོག་པའམ་ཡང་ན་དཔྱད་གཞི་འདི་དག་ལ་ཡོད་པའི་དོགས་གནད་ལ་བཏང་སྙོམས་སུ་འཇོག་པ་སོགས་རྩ་བ་ནས་གནང་མེད། དེའི་ཐད་ལ་རྣམ་ཐར་གྲུབ་པའི་ངོ་མཚར་ལ་གཟིགས་ན་མིག་མཐོང་ལག་ཟིན་ཡིན། རྣམ་ཐར་འདི་ནི་ད་བར་སྒྲ་སྒྱུར་མར་པའི་རྣམ་ཐར་ཇི་སྙེད་ཅིག་ཡོད་པའི་ཁྲོད་ནས་དཔྱད་བརྗོད་རང་བཞིན་ཅན་གྱི་རྣམ་ཐར་ཞིག་ཏུ་མཐོང་སྟེ། འདིའི་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡིག་ཆ་ཕན་ཚུན་བསྡུར་བ་དང་། བརྗོད་དོན་སྔ་ཕྱིའི་གཏན་ཚིགས་བརྟག་པ། མགུར་གྱི་རྩོམ་གཤིས་ལ་བརྟག་པ་སོགས་གནང་ཡོད། འདིར་དམིགས་བསལ་གྱི་དཔྱད་པ་གཅིག་དཔེ་མཚོན་དུ་གླེང་ན།

    ཀ མར་པའི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་དཔྱད་པ།

    མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་འཁྲུངས་འདས་སྐོར་ལ་དེང་སང་ཡོངས་གྲགས་སུ་འགོས་ལོའི་དེབ་སྔོན་ལུགས་[⑧]ལྟར་རབ་བྱུང་དང་པོ་མ་ཚུགས་པའི་སྔོན་གྱི་ཆུ་བྱི་སྟེ་སྤྱི་ལོ་༡༠༡༢ལོར་འཁྲུངས་པ་དང་། རབ་བྱུང་གཉིས་པའི་མེ་གླང་སྤྱི་ལོ་༡༠༩༧ལོར་སྐུ་གཤེགས་པར་ངོས་བཟུང་ཡོད། རྣམ་ཐར་འདིར་དཔའ་བོ་གཙུག་ལག་ཕྲེང་བས་མར་པའི་འཁྲུངས་ལོའི་ཐད་དེབ་སྔོན་ལ་དཔྱད་གཞི་མཛད་ཡོད་པ་ཕུད། ད་དུང་ལུགས་མི་འདྲ་བ་དྲུག་གི་ཁུངས་བསྟན་ཡོད་དེ། འདི་དག་གཟིགས་བདེ་བའི་ཆེད་དུ་རེའུ་མིག་ཏུ་བཀོད་ན།

    རྣམ་ཐར་སྔ་རབས་པའི་ལུགས།

    ཆུ་ཕོ་རྟར་འཁྲུངས་པར་འདོད།

    མཚུར་ཕུ་བའི་བཀའ་བརྒྱུད་གདུང་རབས་ལུགས།

    ལྕགས་བྱི་ལ་འཁྲུངས་ནས་གྱ་དྲུག་འདོད།

    ཚལ་པའི་དེབ་དམར་ལུགས།

    མེ་བྱ་ལ་འཁྲུངས་ནས་གྱ་བརྒྱད་བཞུགས་པར་འདོད།

    ལོ་རྒྱུས་ཐེ་ཙོམ་སེལ་བྱེད་དང་ངམ་རྫོང་སྟོན་པ་སོགས་ཀྱི་ལུགས།

    ཆུ་སྟག་ལ་འཁྲུངས་ནས་བརྒྱད་ཅུའམ་དོན་བརྒྱད་བཞུགས་པར་འདོད།

    ཡང་སྔ་རབས་གཉིས་ཀྱི་ལུགས།

    མེ་རྟ་འཁྲུངས་ནས་གྱ་བརྒྱད་དམ་གྱ་དྲུག་བཞུགས་པར་འདོད།

    སྤྱན་སྔ་ཆོས་འབྱུང་ལུགས།

    ཤིང་བྱི་ལ་འཁྲུངས་ནས་གྱ་བཞི་བཞུགས་པར་འདོད།

    འདི་ལྟར་དཔའ་བོ་གཙུག་ལག་ཕྲེང་བས་གོང་གི་བཞེད་པ་མི་འདྲ་བ་ཁག་དྲུག་པོ་དཔྱད་གཞིར་མཛད་དེ་རང་ཉིད་ཀྱི་འདོད་ཚུལ་གསལ་སྟོན་བྱས་ཡོད་དེ། རྣམ་ཐར་སྔ་རབས་པའི་ལུགས་འདི་ཇོ་བོ་རྗེ་དང་དགུང་མཉམ་འགྱུར་བ་མ་འགྲིག་ཅེས་གསུངས་ཡོད་པ་དང་། ལུགས་གཞན་རྣམས་ལ་དམིགས་བསལ་འགྲིག་མིན་གྱི་དོགས་དཔྱོད་མ་གནང་ཡང་། ཁོང་གིས་མཐའ་མའི་མཇུག་འབྲས་སུ་འདི་ལྟར་གསུངས་ཏེ། “སྤྱིར་ལོ་རྒྱུས་ཐམས་ཅད་དང་འགལ་མེད་དུ་འགྲིག་ཐུབ་པ་ཅིག་གང་ལའང་མི་སྣང་ཡང་རེ་ཞིག་ལྕགས་བྱི་ལ་འཁྲུངས་ནས་གྱ་དྲུག་བཞུགས་པའི་ཕྱོགས་དག་པར་བསམ་མོ་”[⑨]ཞེས་དང་།ཡང་རྔོག་པའི་རྣམ་ཐར་རིམ་བཞི་ལས་བྱི་བ་ལོ་པ་གྱ་དགུ་བཞུགས་པར་བཤད་པའང་འདི་དང་འགྲིག་ཅིང་གྱ་དྲུག་ལ་གྱ་དགུ་ཞེས་པ་ཡིག་ནོར་དུ་སྣང་ངོ་[⑩]ཞེས། མཐར་བཏུགས་ན་ཁོང་རང་ཉིད་ཀྱི་བཞེད་པ་ནི་གྱ་དྲུག་ལ་བཞུགས་པར་འདོད། དེ་ཡང་གཙོ་བོ་མཚུར་ཕུ་བའི་བཀའ་བརྒྱུད་གདུང་རབས་དང་རྔོག་པའི་རྣམ་ཐར་རིམ་བཞི་གཉིས་བསྡུར་བ་བཏང་ཡོད་པ་མ་ཟད། གཙོ་བོ་མར་པའི་དངོས་སློབ་ཏུ་གྱུར་པའི་རྣམ་ཐར་ཡིག་ཆ་ཁུངས་བཙན་པར་བཟུང་ཡོད་པས་འདི་ནི་ལོ་རྒྱུས་ཀྱི་ཡིག་ཆའི་སྐབས་ཐོག་དེ་དང་དེའི་ཡིག་ཆའི་ཁུངས་བཙན་རང་བཞིན་གཙིགས་སུ་འཛིན་པའི་ལོ་རྒྱུས་སྨྲ་བའི་རྣམ་དཔྱོད་ཅིག་ཡིན་སྙམ།དེབ་སྔོན་གྱི་འདོད་ལུགས་ལ་ཁོང་གིས་དམིགས་བསལ་དཔྱད་པ་གནང་མེད་ཅིང་།དེབ་སྔོན་རང་དུ་ཡང་རང་གི་འདོད་པའི་ཁུངས་གསལ་བར་བཀོད་མི་འདུག[11] །མར་པའི་འདས་ལོར་དཔའ་བོ་གཙུག་ལག་ཕྲེང་བས་རྔོག་པ་སོགས་དགུང་ལོ་གྱ་དྲུག་ཤིང་མོ་གླང་ལ་ཐིམ་པར་འཆད་ཅིང་། ཡིག་ཆ་རྙིང་མ་ཀུན་ན་དགུང་ལོ་བརྒྱ་ཅུ་པ་བྱ་ལོ་ཆོས་འཕྲུལ་གྱི་ཟླ་བ་ཟེར་བ་མང་བར་སྣང་བས་དེ་ལྟ་ན་ལོ་བཞིས་སྔ་བའི་ལྕགས་མོ་བྱ་ལོ་དང་དགུང་ལོ་གྱ་གཉིས་ཡིན་པར་སྣང་ཞེས་འདོད་ལུགས་ཁྱབ་ཆེ་བ་གཉིས་བཀོད་ཡོད། འོན་ཀྱང་ཁོང་རང་ཉིད་ཀྱི་གནས་སྐབས་ལུགས་ནི་གོང་དུ་འཁྲུངས་ལོ་དཔྱད་སྐབས་གསུངས་པ་ལྟར་ལྕགས་བྱི་ལ་འཁྲུངས་ནས་གྱ་དྲུག་བཞུགས་ནས་ཤིང་གླང་དུ་སྐུ་གཤེགས་པ་གོ་དགོས་སྙམ་ཞིང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་དགུང་ལོ་གྱ་དྲུག་[12]ཏུ་ཞལ་བཞེད་གནང་འདུག ཡང་ཤེས་དགོས་པ་ཞིག་ལ་དུས་རབས་བཅུ་བདུན་པའི་སྨད་ལ་བྱོན་པའི་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་མཆོག་(1698-1755)གིས་ཀྱང་ཁོང་གི་བཞེད་པར་དཔྱད་པ་དང་འཐད་པ་གནང་ཡོད་དེ། ཁོང་གིས་མཛད་པའི་མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ་བཞུགས་སོ་ཞེས་པའི་ནང་།མར་པའི་འཁྲུངས་འདས་ལོ་ཚིགས་མི་འདྲ་བ་བཅུ་ཁུངས་དང་བཤད་པ་གསུངས་ཤིང་།མཐར་ཐུག་གི་དཔྱད་དོན་དུ་“རྗེ་མཁའ་སྤྱོད་དབང་པོའི་གསུང་འདི་ཡིག་ཆ་མང་པོ་གུང་མཐུན་བྱུང་བ་དང་། གང་ཟག་གཞན་གྱི་དུས་སྔ་ཕྱི་བསྒྲིགས་ཚུལ་འགྲིགས་པ་སོགས་ཀྱིས་དོན་ལ་ཤིན་ཏུ་གནས་པར་མཐོང་མོད། རྗེ་མི་བསྐྱོད་ཡབ་སྲས་ཀྱི་བཞེད་པ་ཡང་དེ་དང་ཁྱད་ཆེར་མི་ཞུགས་པས་དེ་གཉིས་གང་རིགས་འོས་ཤིང་འཐད་ལ། འོན་ཀྱང་རེ་ཞིག་ཕྱི་མ་༼རྗེ་མི་བསྐྱོད་ཡབ་སྲས༽ལྟར་ཁས་བླངས་པ་བདེ་བར་མཐོང་བས། དེས་ན་རྗེ་མར་པ་ལྕགས་བྱི་༼༡༠༠༠༽ལ་འཁྲུངས་ཤིང་བརྒྱད་ཅུ་རྩ་གཉིས་ལྕགས་བྱ་༼༡༠༨༡ལོ༽ལོ་རྒྱལ་ཟླའི་ཚེས་བཅོ་ལྔ་ལ་གཤེགས་པ་སྟེ།”[13]ཞེས་རྗེ་མི་བསྐྱོད་ཡབ་སྲས་ཞེས་པ་སྐབས་འདིར་དཔའ་བོ་གཙུག་ལག་ཕྲེང་བའི་བཞེད་པར་འཐད་པ་གནང་ཡོད། འོན་ཀྱང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་དཔའ་བོ་གཙུག་ལག་ཕྲེང་བས་མར་པ་ལོ་ཙཱ་བ་འཚོ་བཞུགས་ཀྱི་དགུང་གྲངས་དང་།གཤེགས་ལོའི་འཐད་ཐོག་མར་གྱ་དྲུག་འདོད་པ་ལ་ཕྱིས་སུ་སླར་དཔྱད་ནས་བཞི་ལས་སྔ་བའི་བརྒྱ་གཉིས་སུ་འདོད་པར་གསུངས་འདུག་པས་འདིར་ཡང་དཔྱད་དགོས་པ་སྣང་སྟེ། དཔའ་བོ་གཙུག་ལག་ཕྲེང་བས་རྣམ་ཐར་འདི་ཉིད་མ་མཛད་སྔོན་གྱི་དགུང་ལོ་ང་དགུར་མཛད་པའི་བསྟན་བརྩིས་[14]སུའང་རང་ཉིད་ཀྱི་འདོད་པ་ནི་རྔོག་ལུགས་ཚད་མར་བྱས་ནས་ལྕགས་བྱི་ལ་འཁྲུངས། ཤིང་གླང་ལ་འདས་ཁྱོན་དགུང་ལོ་གྱ་དྲུག་བཞུགས་པར་འདོད་ཡོད་པའོ། །

    མདོར་ན་མར་པ་ལོ་ཙཱ་བའི་འཁྲུངས་འདས་ལོ་ཚིགས་སྐོར་ལ་དཔའ་བོ་གཙུག་ལག་ཕྲེང་བ་མ་བྱོན་པའི་སྔོན་དུ་བཤད་སྟངས་མི་འདྲ་བ་དུ་མ་བྱུང་ཡོད་པ་ལས། འདིར་ཐོག་མར་དེང་གི་ལོ་རྒྱུས་རིག་པ་ལྟར་ཡིག་ཆའི་ཁུངས་ཡོད་པའི་ཐོག་ནས་དཔྱད་པ་གནང་མཁན་ནི་དཔའ་བོ་གཙུག་ལག་ཕྲེང་བ་ཡིན་པར་ཧ་ལམ་བཤད་ཆོག་པ་ཡིན།

    མཇུག་བསྡོམས།

    རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་ཞེས་པ་ནི་དཔའ་བོ་གཙུག་ལག་ཕྲེང་བ་དགུང་ལོ་དྲུག་ཅུར་ཕེབས་སྐབས་མཛད་པའི་སྐུ་ཚེ་སྨད་ཀྱི་གསུང་རྩོམ་གལ་ཆེན་ཞིག་ཡིན། ཁོང་རང་ཉིད་མར་པའི་གདན་ས་དྲོ་བོ་ལུང་དང་སྲས་མཁར་དགུ་ཐོག་སྐྱོང་མཁན་དང་བཀའ་བརྒྱུད་པའི་བསྟན་པ་རྒྱུད་འཛིན་གནང་མཁན་ཞིག་ཡིན་པའི་ཆ་ནས། བཀའ་བརྒྱུད་པའི་ལོ་རྒྱུས་སྤྱིར་དོ་སྣང་ཆེན་པོ་གནང་ཡོད་པ་མ་ཟད་ལོ་རྒྱུས་ཡིག་ཆ་འདི་དག་ལ་སྔར་བྱུང་མ་མྱོང་བའི་དཔྱད་པ་ནན་ཏན་གནང་ཡོད་དེ། མར་པའི་རྣམ་ཐར་གྱི་ཡིག་ཆ་སྣ་ཚོགས་པའི་བཤད་སྟངས་གསལ་ཁ་མེད་པ་དག་གསལ་ཁ་གཏོད་པ་དང་། འགལ་བ་དང་དོགས་གནད་ཡོད་པ་དག་སེལ་ཏེ། མར་པའི་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་འདི་སྐྱེ་བོ་ཀུན་གྱི་ཐུན་སྣང་དུ་གྲུབ་པའི་མི་སྣ་རླབས་ཆེན་ཞིག་གི་ལོ་རྒྱུས་ཤིག་ཏུ་བཞེངས་ཡོད། གལ་སྲིད་དུས་སྐབས་འདིར་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་མར་པའི་རྣམ་ཐར་མཐོང་བ་དོན་ཡོད་དེ་ལོ་རྒྱུས་བྱུང་རིམ་བཀོད་འབྲི་ཡི་ཐོག་ནས་རྩེ་མོར་སོན་ཡོད་ན། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་མར་པའི་རྣམ་ཐར་འདི་ཉིད་ལོ་རྒྱུས་དཔྱད་བརྗོད་ཀྱི་ཆ་ནས་རྩེ་མོར་སོན་ཡོད་ཅེས་བཤད་ན་དོན་ལ་གནས་སྙམ། དེར་བརྟེན་རྣམ་ཐར་འདི་ནི་དུས་རབས་བཅུ་གཅིག་པར་བྱོན་པའི་ལོ་རྒྱུས་མི་སྣ་སྒྲ་སྒྱུར་མར་པ་ལོ་ཙཱ་བར་རྒྱུས་ལོན་ཡང་དག་པར་བྱེད་པའི་སྐར་ཁུང་ཞིག་ཡིན་མ་ཟད། བོད་ཀྱི་རྣམ་ཐར་གསར་རྩོམ་གྱི་ལོ་རྒྱུས་ཁྲོད་དང་ལྷག་པར་མར་པ་ལོ་ཙཱ་བའི་རྣམ་ཐར་མང་པོའི་ཁྲོད་ནས་དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་ཤོས་དང་དཔྱད་བརྗོད་རང་བཞིན་འབུར་དུ་ཐོན་པའི་རྣམ་ཐར་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པས་ཞིབ་འཇུག་དང་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པར་སྙམ་མོ། 


    [①]དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་བཞུགས་སོ། །པོད་༤ [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019:59

    [②]དཔའ་བོ་གཙུག་ལག་ཕྲེང་བས་མཛད། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་བཞུགས་སོ། །[M] ལྷ་ས། གནས་ནང་ཕུན་ཚོགས་ཆོས་གླིང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:171

    [③]རྣམ་རྒྱལ་རྩེ། ཆོས་འབྱུང་མཁས་པའི་དགའ་སྟོན་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་ལེའུ་ཚན་བརྒྱད་པ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཆོས་འབྱུང་གི་མཇུག་བྱང་དུ་ས་སྐྱོང་གཡུ་རྒྱལ་བསྟན་པ་པའི་རྒྱལ་མཚན་གྱིས། །སྐུ་རབ་རྣམ་རྒྱལ་ཁང་བཟང་ཆེན་པོར་བསྒྲུབས། །ཞེས་པའི་ལུང་ལྟར་འདིར་སྐུ་རབ་རྣམ་རྒྱལ་ཁང་བཟང་དང་གཅིག་ཡིན་སྙམ།

    [④]དཔའ་བོ་གཙུག་ལག་ཕྲེང་བས་མཛད། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་བཞུགས་སོ། ། [M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:171

    [⑤] གཙང་སྨྱོན་ཧེ་རུ་ཀས་མཛད་པའི་མར་པའི་རྣམ་ཐར་གྱི་མཛད་བྱང་ལས། རྗེ་བཙུན་མི་ལ་དང་མར་པ་མགོ་ལེགས་གཉིས་ཀྱིས། ངན་རྫོང་སྟོན་པ་ལ་ཞིབ་རྒྱས་ཞལ་ནས་སྗན་དུ་བརྒྱུད་པ་དང་། རྗེ་བཙུན་མི་ལས་རས་ཆུང་པ་ལ་ཡང་གནང་བས། རས་ཆུང་པ་དང་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ་གཉིས་བཀའ་བགྲོས་ནས་བསྒྲིགས་པའི་རྣམ་ཐར་ཕྱི་མོའི་གཙོ་བོར་བཞུགས་པ་ལས་ཞེས་གསུངས། (དཔལ་མངའ་བདག་སྒྲ་སྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ། །སྟོད་ཆ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013:188)

    [⑥]达瓦占堆.探析巴卧·祖拉陈瓦其人其事[D] 中央民族民族大学 20217:49

    [⑦]达瓦占堆.探析巴卧·祖拉陈瓦其人其事[D] 中央民族民族大学 20217:62

    [⑧] འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། དེབ་ཐེར་སྔོན་པོ། སྟོད་ཆ།[M] ཁྲེན་ཏུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984:489 སྤྱིར་རྗེ་མར་པ་ཆུ་ཕོ་བྱི་བ་ལ་འཁྲུངས་ནས་བརྒྱད་ཅུ་རྩ་དྲུག་པ་མེ་མོ་གླང་གི་བར་དུ་བཞུགས།།ཞེས་སོ། །

    [⑨] དཔའ་བོ་གཙུག་ལག་ཕྲེང་བས་མཛད། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་བཞུགས་སོ། ། [M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:4

    [⑩] དཔའ་བོ་གཙུག་ལག་ཕྲེང་བས་མཛད། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་བཞུགས་སོ། ། [M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:4

    [11] འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། དེབ་ཐེར་སྔོན་པོ། སྟོད་ཆ།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཁྲེང་ཏུའུ། 1985:489 མར་པའི་སློབ་མ་རྔོག་ཆོས་ཀྱི་རྡོ་རྗེའི་ལོ་རྒྱུས་གསུང་སྐབས་སུ་སྤྱིར་རྗེ་མར་པ་ཆུ་ཕོ་བྱི་བ་ལོ་ལ་འཁྲུངས་ནས་བརྒྱད་ཅུ་རྩ་དྲུག་པ་མེ་མོ་གླང་གི་བར་བཞུགས་ཞེས་གསུངས་ཀྱང་ཁུངས་གང་དུ་མཛད་མིན་གསལ་པོ་གསུངས་མེད། དེབ་སྔོན་དང་དཔའ་བོ་གཙུག་ལག་ཕྲེང་བ་གཉིས་དགུང་གྲངས་བརྒྱད་ཅུ་རྩ་དྲུག་བཞུགས་པར་མཐུན་ཀྱང་། འཁྲུངས་འདས་ཀྱི་ལོ་ཁམས་གཅིག་མཐུན་བྱུང་མེད།

    [12] དཔའ་བོ་གཙུག་ལག་ཕྲེང་བས་མཛད། ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:600

    [13] ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2006:651

    [14]དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།  དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་བཞུགས་སོ། པོད། ༨ དཔལ་དུས་ཀྱི་འཁོར་ལོའི་མན་ངག་རྩིས་ཀྱི་བསྟན་བཅོས་ཀུན་ལས་བཏུས་པའི་འདས་ལོའི་རེའུ་མིག་གསལ་བར་བྱེད་པ་བཀླགས་པས་གྲུབ་པ་ཆེན་པོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019:506

    (ཟླ་བ་དགྲ་འདུལ་ལྷ་ས་དགེ་འོས་སློབ་ཆེན་སྐད་ཡིག་དང་སྤྱི་ཚོགས་ཚན་རིག་ཚན་ཁག་གི་བོད་ཡིག་སློབ་དཔྱོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།