དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  རྡོ་རྗེ་ཐར་ལམ།   |     སྤེལ་དུས།  2026-04-22

    སྤྱི་ཚོགས་འཕེལ་རྒྱས་ཆ་འཕྲིན་ཁྱེད་ལས་གསལ། །

    དེང་རབས་འཚོ་བའི་འཕོ་འགྱུར་ཁྱེད་ལས་མངོན། །

    ཁྱེད་ནི་ང་ཚོའི་དུས་རབས་གསར་པ་འདིའི། །

    མིག་གི་ལྟ་ཡུལ་རྣ་བའི་ཉན་ས་ཡིན། །


    སྲིད་ཇུས་བཟང་པོའི་ཆ་འཕྲིན་ཁྱེད་ལས་གསལ། །

    དམངས་ཕན་བྱ་གཞག་མཐའ་དག་ཁྱེད་ལས་རྟོགས། །

    ཁྱེད་ནི་བགྲང་བྱ་བདུན་ཅུའི་གངས་ལྗོངས་ཀྱི། །

    སྤྱི་ཚོགས་འཚོ་བ་མཚོན་པའི་མེ་ལོང་ལགས། །


    གོང་རིམ་གནས་ཚུལ་མཚོན་པའི་གསར་འགྱུར་དང་། །

    དམངས་ཀྱི་འཚོ་བའི་བདེ་སྐྱིད་འཕེལ་རྒྱས་སོགས། །

    མདོར་ན་དུས་རབས་གསར་པའི་རྒྱལ་ཡོངས་ཀྱི། །

    སྙན་པའི་གཏམ་བཟང་ཆ་འཕྲིན་ཁྱེད་ཀྱིས་བསྣམས། །


    ད་དུང་བདག་དང་འདྲ་བའི་ན་གཞོན་ཚོའི། །

    སྙན་ངག་མྱུ་གུ་འབུས་སའི་ཞིང་ས་དང་། །

    རྩོམ་རིག་གསར་རྩོམ་ལམ་བུའི་ལམ་གྲོགས་ཏེ། །

    ཁྱེད་ནི་ང་ཚོའི་སྙན་ངག་འཁྲུངས་གཞིས་ཡིན། །


    ཁྱེད་ཀྱི་འདས་སོང་བགྲང་བྱ་བདུན་ཅུའི་ནང་། །

    དམངས་ཕན་བྱ་བཟང་ཆ་འཕྲིན་མེ་ཏོག་བཞད། །

    དེང་རབས་ཚན་རྩལ་འཕེལ་རྒྱས་མྱུ་གུ་འབུས། །

    ཁྱེད་ནི་ང་ཚོའི་འཚོ་བའི་ལམ་གྲོགས་ཡིན། །


    ཁྱེད་ནི་མཛེས་སྡུག་ངོ་མཚར་རྩྭ་ཐང་བཞིན། །

    སྙན་ངག་མེ་ཏོག་དཀར་དམར་ཁྲ་ཆིལ་བཞད། །

    ཚིག་དོན་ཟེའུ་འབྲུ་བཅུད་ལྡན་འབྲས་བུ་སྨིན། །

    ཁྱེད་ཀྱི་ལང་ཚོ་དར་ཞིང་རྒྱས་པར་ཤོག །


    ཁྱེད་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས། །

    སྙན་པའི་གྲགས་པ་གང་སར་ཁྱབ་དུས་འདིར། །

    ཁྱེད་དང་རྩོམ་སྒྲིག་ཁང་གི་ལས་མི་ཚོར། །

    སེམས་ཀྱི་གཏིང་ནས་བཀའ་དྲིན་ཆེ་ཞེས་ཞུ། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།