དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འཕྲིན་བཟང་བསྣམས་པའི་ཕོ་ཉ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ལྡོང་རོང་བསོད་ཐར།   |     སྤེལ་དུས།  2026-04-22

    ལོ་ངོ་70ཡི་རིང་ལ། ཁྱེད་ཀྱིས་བོད་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་མཛེས་སྡུག་བསྣམས་ཏེ། ཤར་ནུབ་རྒྱ་མཚོ་ཆེན་པོའི་ཕ་མཐའ་བརྒལ་ནས་འཛམ་གླིང་གི་ཁྱོན་ལ་བོད་ལྗོངས་དྲིལ་བསྒྲགས་གང་ལེགས་དང་བོད་ལྗོངས་ཀྱི་གཏམ་རྒྱུད་སྙན་མོ་བརྗོད་མཁན་གྱི་ཕོ་ཉ་གནང་བར་ཐུགས་རྗེ་ཆེ་ཞུ།

    《བོད་ལྗོངས་ཉིན་རེའི་ཚགས་པར》ནི་ཕལ་ཆེར་2016ལོའི་ལོ་འགོ་ཞིག་ལ་གཞི་ནས་ངོ་ཤེས་སུ་གྱུར་པ་སྟེ། གུས་པ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གསོ་རིག་ཆེད་སྦྱོང་གི་འཛིན་གྲྭར་ཞུགས་ཏེ་སློབ་སྦྱོང་ལ་བརྩོན་བཞིན་པའི་སྐབས་ཡིན། ཉིན་གུང་དང་ཕྱི་དྲོའི་རང་སྦྱོང་མཚམས་སུ་ནམ་རྒྱུན་དཔེ་མཛོད་ཁང་དུ་འགྲོ་བཞིན་ཡོད་པས། དཔེ་མཛོད་ཁང་གི་རྒྱལ་སྒོའི་གཡས་ཕྱོགས་ན་ཚགས་པར་འདྲ་མིན་ཤིན་ཏུ་མང་། སྐབས་དེར་ངས་ཚགས་ཤོག་ཡག་ཤོས་གཉིས་བདམས་ཏེ་དཔེ་མཛོད་ཁང་གི་དོ་དམ་པས་གཟབ་ནན་མ་བྱས་པའི་སྐབས་དང་བསྟུན་ནས་དཔེ་ཁུག་ཏུ་བཅུག་ནས་སོང་བ་ཡིན། པར་ངོས་སུ་སྙན་ངག་དང་བྱིས་སྒྲུང་འཁོད་པ་འདྲ་སྟེ། རྩོམ་གྱི་སྒྲིག་གཞི་དང་ནང་དོན་སོགས་ལ་ཤིན་ཏུ་དགའ་དྲགས་པས། ཚགས་པར་གྱི་འགོ་མཇུག་ཡོངས་སུ་རྒྱུས་ལོན་མ་བྱས་ཐབས་མེད་དུ་གྱུར། ཚགས་ཤོག་དེ་ཏག་ཏག《བོད་ལྗོངས་ཉིན་རེའི་ཚགས་པར》ཚང་གི་དཔར་མ་ཞིག་རེད་འདུག སྐབས་དེར་གུས་པ་རྩོམ་འབྲི་བར་ཤིན་ཏུ་དགའ་ཞིང་། ལྷག་ཏུ་ཚགས་པར་འདི་འདྲའི་ངོས་སུ་རྩོམ་རེ་བཀོད་ཐུབ་ན་ཅི་མ་རུང་སྙམ་བཞིན་བསམ་བློ་འདྲ་མིན་མང་པོ་བཏང་། མཇུག་མཐར་དབུས་ཀྱི་སློབ་གྲོགས་རིན་ཆེན་ཚང་གིས་གུས་རྩོམ་རེ་འགའ་དབུས་སུ་ཁྱེར་ཏེ་འགོད་ཐུབ་མིན་ལ་གནས་ཚུལ་འདྲི་རྒྱུ་བྱས། སྐབས་དེར་ཡིག་སྒམ་ལས་རྩོམ་སྐུར་ཆོག་པ་དང་ཡིག་སྒམ་གང་ཡིན་སོགས་ཤེས་ཀྱི་མེད། རྗེས་སུ་ཁོང་གིས་ཀྱང་རྩོམ་དག་གང་ལ་བསྐུར་དགོས་པ་ཤེས་ཀྱི་མི་འདུག་ཅེས་ཕྱིར་བསློགས་པ་ལས་ཐབས་མ་བྱུང་།

    དེ་ནས་2024ལོའི་ཟླ་1ཚེས་14ཉིན་གུས་པའི་རྩོམ་གྱི་ཐོག་མ་སྟེ། 《ལོ་གསར་གྱི་སེམས་འགྱུ》ཞེས་པ《རྩོམ་རིག་དགའ་ཚལ》གྱི་པར་ངོས་སུ་བཀོད་པ་མཐོང་། བློ་དམན་བདག་འདྲ་བ་ཆེད་ལས་ཀྱི་ཟུར་ནས་རྩོམ་རིག་ལ་དགའ་ཞེན་བྱེད་བཞིན་པའི་མི་ཞིག་ལ་མཚོན་ན། རྩོམ་སྒྲིག་པའི་རྒྱབ་སྐྱོར་འོག རྩོམ་ཡིག་རེ་རེ་དུས་དེབ་དང་ཚགས་པར་སོགས་སུ་སྤེལ་ཐུབ་པ་ནི་ལེགས་སྐྱེས་གཞན་གང་གིས་ཀྱང་བསྒྲུན་མི་ནུས་པས། རྩོམ་འབྲི་ལ་སྔར་ལས་ལྷག་པའི་སྤོབས་པ་དང་། རེ་བའང་བསྩལ་བ་སྨྲོས་ཅི་དགོས། 《བོད་ལྗོངས་ཉིན་རེའི་ཚགས་པར》ནི་དཔར་མ་སྔ་གྲས་དང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གསར་འགྱུར་ཚགས་པར་ལེགས་ཤོས་བཅས། ཚགས་པར་འདི་ནི་ད་བར་དུ་ང་ཚོས་འཛམ་གླིང་དང་རྒྱལ་ནང་། བོད་འབྲེལ་གྱི་གནས་ཚུལ་ཅི་རིགས་ལ་རྒྱུས་མངའ་ལོན་སའི་སྐར་ཁུང་གལ་ཆེན་ཞིག་དང་། ཡང་སྒོས་རྩོམ་རིག་དགའ་ཚལ་ཞེས་པའི་རྩོམ་རིག་གི་ཞིང་ས་གཤིན་པོ་འདི་ནས་སྒྲུང་རྩོམ་འབྲི་མཁན་དང་། སྙན་ངག་འབྲི་མཁན། དཔྱད་རྩོམ་འབྲི་མཁན། ལྷུག་རྩོམ་འབྲི་མཁན། དམངས་ཁྲོད་གཏམ་རྒྱུད། བྱིས་སྒྲུང་སོགས་འབྲི་མཁན་རྩོམ་པ་པོ་རྒན་དར་གཞོན་གསུམ་དང་། ལས་གནས་སྣ་ཚོགས་ཀྱི་མི་སྣ་མང་པོ་ཞིག་འབྲུ་དྲུག་གི་མྱུ་གུ་བཞིན་རིམ་གྱིས་འབུས་ཤིང་། ཡོན་ཏན་གྱི་སྙེ་མ་རབ་ཏུ་དུད་པའི་ངང་ཚུལ་དེ་དག་གཞན་གྱིས་མཐོང་ན་བསྟོད་པའི་མེ་ཏོག་གཏོར་ཡུལ་དུ་གྱུར་པ་དང་། 《བོད་ལྗོངས་ཉིན་རེའི་ཚགས་པར》དང་དེའི《རྩོམ་རིག་དགའ་ཚལ》པར་ངོས་ནི། རྩོམ་རིག་ལ་དགའ་མཁན་དུ་མའི་རྩོམ་རྩལ་ངོམས་སའི་སྡིངས་ཆ་གལ་ཆེན་ཞིག་དང་། གཞོན་སྐྱེས་རྩོམ་པ་པོ་མང་པོའི་ཡིད་ཀྱི་ནམ་མཁར་ཕུགས་བསམ་གྱི་ཉི་གཞོན་འཁྲུངས་སའི་ལྡིང་ཁང་གལ་ཆེན་ཞིག་ཀྱང་རེད་ཅེས་བརྗོད་པར་འདོད་དོ།།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།