ས་མཐོའི་ཕོ་ཉ།
དབེན་འཇམ་རི་གྲོང་གི་ཁུག་ཟུར་འདི་ནས་ནངས་ཇ་སྐོལ་བའི་དུད་སྤྲིན་སྔོ་ལྷོག་ལྷོག་ཏུ་འཕྱུར་སྐབས། ཁྱེད་ཀྱི་སྐུ་ལུས་ནས་འགྲན་ཟླ་བྲལ་བའི་རྟ་བདུན་དབང་པོའི་གཟི་དཔལ་ཞིག་ཡོངས་སུ་རྒྱས། ཟང་ཟིང་གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་ནས་བྲེལ་བརྩོན་ཆེ་བའི་མེ་ལྕེ་འུར་འུར་དུ་འབར་སྐབས། ཁྱེད་ཀྱི་སྐུ་ལུས་ནས་ནུབ་པར་མེད་པའི་ཆུ་འཛིན་དབང་པོའི་སྒེག་ཉམས་ཤིག་ལྷག་པར་མངོན། ཆ་འཕྲིན་གྱི་ཚ་རླབས་དགུང་དུ་འཕྱུར་ཞིང་། སྨྱན་སྦྱོར་གསར་པའི་དུང་བརྡ་འགོག་མེད་དུ་གྲགས་པའི་དུས་རབས་འདིར། ཁྱེད་ནི་བླ་ན་མེད་པའི་ཏང་དང་མེས་རྒྱལ་གྱི་གསུང་སྒྲ་ངོམས་པའི་ས་མཐོའི་ཕོ་ཉ་དང་། ཤེས་རིག་གི་ལག་གདང་སྦྲེལ་བའི་སྲན་མའི་མེ་ཏོག་ལྟ་བུར་འབོད་ཆོག་ལ། འབོད་ཀྱང་འོས་པའི་བོད་ལྗོངས་ཉིན་རེའི་ཚགས་པར་ལགས།
ས་མཐོའི་ཡུལ་གྲུ་གང་སར་བདེ་སྐྱིད་ཀྱི་འཛུམ་ཞལ་ལྷུག་པོར་གྲོལ་བའི་སྐལ་བཟང་རྫོགས་ལྡན་གྱི་དུས་སྐབས་འདིར། ཁྱེད་ནི་ཤེས་རིག་པད་ཚལ་གྱི་ལྡུམ་རའི་དབྱིངས་ན་གཤོག་ཟུང་རྡེབ་ཞོར་སྦྲང་རྩིའི་རོ་བཅུད་འཐུ་བའི་རྐང་དྲུག་བུང་བ་དང་མཚུངས་ལ། ཤེས་རིག་གཡུ་བྱུར་གྱིས་བརྒྱན་པའི་འཇོ་སྒེག་མ་དང་གཉིས་སུ་མེད་པར་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས། དེ་བཞིན་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་འོག་འཚར་ལོངས་བྱུང་བའི་མི་བུ་དུང་ཕྱུར་མང་པོའི་གཏམ་རྒྱུད་མཚར་པོ་སྐྱེ་དགུའི་འདྲེན་བྱེད་ལམ་དུ་འབུལ་བར་བྲེལ། ཁྱེད་ནི་སྐྱེ་བོ་ཀུན་གྱི་སྙིང་ནས་གཅེས་པའི་མཛངས་མ་དང་སེམས་ནས་དུང་བའི་བུ་ཆུང་དང་གཉིས་སུ་མེད་པར་ཚང་མའི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཡུལ་དང་མིག་གི་ལོངས་སྤྱོད་དུ་གྱུར།
ཁྱེད་ཀྱིས་གསར་འགྱུར་གྱི་དུང་བརྡ་ཡོད་ཚད་རྐང་གླིང་གི་གསང་སྒྲར་བསྡེབས་ནས་སྟོད་མངའ་རིས་སྐོར་གསུམ་དུ་སྒྲོག་པར་འབད་ལ། ཆ་འཕྲིན་གྱི་འབོད་བརྡ་ཡོད་ཚད་གནའ་ཉམས་དོད་པའི་ནང་མ་སྟོད་གཞས་ཀྱི་དབྱངས་རྟར་བསྐྱོན་ནས་བར་དབུས་གཙང་རུ་བཞིར་སྒྲོག་བཞིན་ཡོད་ཅིང་། སྨྱན་སྦྱོར་གྱི་བརྡ་རྟགས་ཡོད་ཚད་སྙན་འཇེབས་ལྡན་པའི་པི་ཝང་གི་སྒྲ་དབྱངས་ལ་དྲངས་ནས་སྨད་མདོ་ཁམས་ཁུལ་དུ་སྒྲོག་པར་བརྩོན། དེས་མ་ཚད། སྨྱན་སྦྱོར་གསར་པའི་ཚ་རླབས་དྲག་པོ་འཕྱུར་བའི་དེང་གི་ཆར། མཐོ་སྒང་གི་རླུང་བུ་དང་འདྲ་བར་སྐྱེ་དགུའི་སེམས་ཀྱི་ཞིང་སར་དལ་བ་དལ་བུར་ལྡང་བཞིན་པའི་ཁྱེད་ཀྱིས་བགྲང་བྱ་བདུན་ཅུ་ཡི་རིང་། ས་མཐོའི་འགྲིམ་འགྲུལ་དང་། སློབ་གསོ། སྨན་བཅོས། རིག་གནས་སོགས་ཕྱོགས་མང་པོར་འཕོ་འགྱུར་རླབས་པོ་ཆེ་བྱུང་བར་དཔང་པོ་བྱས་ཡོད་ལ། གསར་འགྱུར་བྱ་གཞག་གི་འཐབ་ས་དང་པོར་དཀའ་བ་གྲངས་མེད་དང་དུ་བླངས་ཤིང་ཕུགས་འདུན་བཟང་པོ་སེམས་སུ་འཆང་བཞིན་དུ་འོད་སྟོང་འཕྲོ་བའི་ལམ་དུ་ཆས།
བགྲང་བྱ་བདུན་ཅུ་སོང་བའི་དུས་བཟང་འདིར། གསར་དར་སྨྱན་སྦྱོར་གྱི་འགྲན་སློང་དྲག་པོའི་ཀློང་དུ། ཁྱེད་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། བྱ་གཞག་དར་ཞིང་རྒྱས་པ། གྲུབ་འབྲས་གཡུར་དུ་ཟ་བ། གཟི་དཔལ་ཡོངས་སུ་འབར་བ་བཅས་ཡོང་བའི་སྨོན་འདུན་བཟང་པོ་ཐལ་མོ་སྙིང་ཁར་སྦྱར་ནས་འདེབས་བཞིན་ཡོད་ལ། ས་མཐོའི་ཡུལ་གྲུ་གང་ས་ནས་ཁྱེད་ཀྱི་བཞིན་བཟང་སྔར་མུས་བཞིན་མཇལ་རྒྱུ་ཡོང་བ་དང་། དུས་རབས་ཀྱི་རླབས་རྒྱུན་དྲག་པོའི་དབྱིངས་སུ་ཁྱེད་རང་སྔར་བཞིན་འགྱིང་ངེར་གནས་ཐུབ་པའི་རེ་འདུན་སྙིང་དབུས་ནས་ཞུའོ།།
འབྲེལ་ཡོད་གསར་འགྱུར།