དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ལས་གཏོད་ཀྱི་ཞིང་སར་རིག་གནས་ཤེས་བྱའི་ས་བོན་འདེབས་ལ་བརྩོན།

    —— ལྷ་སའི་སྒྱུ་རྩལ་པ་ཆུང་ཆུང་གསོ་སྦྱོང་ལྟེ་གནས་ཀྱི་འགན་འཁུར་བ་བློ་བཟང་བཀྲ་ཤིས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-18

    འདི་ནི་བློ་བཟང་བཀྲ་ཤིས་ཀྱིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གཏམ་བཤད་སྤེལ་བཞིན་པ།

    འདི་ནི་བློ་བཟང་བཀྲ་ཤིས་དང་སློབ་གྲོགས་ཀྱི་མཉམ་པར།

    དེང་གི་བཟོ་རྩལ་བཀོད་པས་བརྒྱན་པའི་དགའ་སྐྱིད་གླིང་ཁྲོམ་རའི་ཉིས་ཐོག་ཏུ་བོད་ལུགས་ཀྱི་ཁྱད་ཆོས་ཡོངས་སུ་འཛོམས་པའི་ཁང་པ་ཞིག་གིས་དེར་འདུས་སྐྱེ་བོ་ཚོའི་ཡིད་དབང་རྦད་དེ་འཕྲོག ཚོན་མདངས་རྣམ་པར་བཀྲ་བའི་བོད་བཟོའི་སྒོ་དང་། སྒེའུ་ཁུང་། ཚོམས་ཆེན་དུ་སྒྲིག་པའི་གནའ་ཉམས་དོད་པའི་ཆ་སྒམ། གྱང་ལྡེབས་སུ་བཀལ་བའི་སྒྲ་སྙན་དང་གྱང་ཟུར་དུ་གྲལ་འགྲིག་པོར་བཞག་པའི་སྤུས་ཀ་དག་པའི་བྱང་ཤིང་སོགས་ཁང་པའི་ཕྱོགས་གང་ས་ནས་བོད་ལུགས་ཀྱི་ཉམས་སྣང་མངོན། དེ་གར་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་ཉམས་ལེན་ལྟེ་གནས་ལྷ་སའི་སྒྱུ་རྩལ་པ་ཆུང་ཆུང་གསོ་སྦྱོང་ལྟེ་གནས་ཡིན་ཞིང་། གསོ་སྦྱོང་ལྟེ་གནས་དེ་ནི་ད་ལོ་ལོ་25ལ་སླེབས་པའི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་གཞོན་སྐྱེས་བློ་བཟང་བཀྲ་ཤིས་ཀྱིས་བཙུགས་པ་རེད།

    འདི་ནི་གསོ་སྦྱོང་ལྟེ་གནས་ཀྱི་འགན་འཁུར་བ་བློ་བཟང་བཀྲ་ཤིས་ཡིན་པ།

    བྱ་གཞག་གསར་གཏོད་ཀྱི་ལམ་ལ་ཞུགས་པ།

    སྲིད་གཞུང་དང་སློབ་གྲྭ་ཆེན་མོས་བྱ་གཞག་གསར་གཏོད་ལ་འབོད་སྐུལ་ཆེན་པོ་བྱེད་ཀྱི་ཡོད་ལ། བློ་བཟང་བཀྲ་ཤིས་ཀྱིས་ཀྱང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གལ་ཆེའི་རང་བཞིན་དང་རང་ཉིད་དང་འདྲ་བའི་ན་གཞོན་ཚོའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་དེ་བས་གསལ་པོ་ཤེས་ཀྱི་ཡོད། སློབ་ཆེན་ལོ་རིམ་གཉིས་པའི་སྐབས། བློ་བཟང་བཀྲ་ཤིས་ཀྱིས་ཕ་མར་རང་ཉིད་སློབ་གྲྭ་ཐོན་རྗེས་གཞུང་ཞབས་པའི་ཡིག་ཚད་མ་བཏང་བར་བྱ་གཞག་གསར་གཏོད་བྱེད་རྒྱུའི་འཆར་གཞི་བཤད། འཆར་གཞི་འདི་ཐོས་སྐབས་ཕ་མ་གཉིས་པོའང་རེ་ཞིག་བྱ་དཀའ་བྱེད་གཏད་དུ་གྱུར། “གདམ་ག་དེ་ཕལ་པའི་ཁྱིམ་ཚང་ཞིག་གིས་དང་ལེན་བྱེད་དཀའ་བ་ཞིག་ཡིན་མོད། འོན་ཀྱང་ང་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་པས། ཕྱིས་སུ་ཁོང་རྣམ་གཉིས་ལ་གནས་ལུགས་རྒྱུ་མཚན་མང་པོ་དྲངས་པས་ད་གཟོད་ངའི་གདམ་གར་མོས་མཐུན་གནང་ཙམ་བྱུང”ཞེས་བཤད།

    ཕ་མ་གཉིས་པོས་ཁོ་པར་ལས་གཏོད་ཀྱི་མ་རྩ་རྒྱབ་སྐྱོར་གང་ཐུབ་བྱས་པ་དང་དེའི་སྟེང་རང་ཉིད་ཀྱིས་བསགས་པའི་དངུལ་ལྷག་མ་རྣམས་བཏོན་ཏེ། དགེ་བའི་བཤེས་གཉེན་སྐལ་བཟང་ལགས་སོགས་ཀྱི་ལམ་སྟོན་དང་རོགས་རམ་འོག 2021ལོར་དངོས་སུ་བོད་ལྗོངས་ཁམས་བདེ་གཞིས་ཀ་སྒྱུ་རྩལ་པ་ཆུང་ཆུང་གི་གསོ་སྦྱོང་ལྟེ་གནས་དེ་བཙུགས།

    འདི་ནི་བློ་བཟང་བཀྲ་ཤིས་ཀྱིས་སློབ་མར་སྤགས་གཡོ་སྟངས་སློབ་བཞིན་པ།

    འདི་ནི་སྒྱུ་རྩལ་པ་ཆུང་ཆུང་གི་སློབ་མས་བྲིས་པའི་ཡིག་གཟུགས་སྟོན་བཞིན་པ།

    འཆད་སྟེགས་སྟེང་གི་སྒྱུ་རྩལ་པ།

    གསོ་སྦྱོང་ལྟེ་གནས་དེ་ཐོག་མར་འཛུགས་སྐབས། ཁྱིམ་བདག་མང་པོས་དེ་ནི་སློབ་ཆེན་སློབ་མ་ཞིག་གིས་བཙུགས་པ་ཤེས་སྐབས་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད་ལ། སློབ་ཁྲིད་ཀྱི་ཉམས་མྱོང་དབེན་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་གཞི་ཆ་ཚང་པོ་མེད་པ་སོགས་ཀྱི་དབང་གིས་ལོ་གཅིག་ལྷག་ཙམ་རིང་སློབ་ཚན་ལ་ཡོང་མཁན་སློབ་མ་ལྔ་དྲུག་ལས་མེད་པས་ཡོང་འབབ་ལྟ་ཅི། ཐ་ན་དགེ་རྒན་གྱི་གླ་ཆ་དང་གསོ་སྦྱོང་ལྟེ་གནས་ཀྱི་རྒྱུན་གཏན་འགྲོ་སོང་ལའང་དཀའ་ངལ་ཆེན་པོ་འཕྲད། “སྐབས་དེ་དུས། ཉིན་མོ་སློབ་ཚན་ཉན་པ་དང་། དགོང་མོ་སློབ་ཁྲིད་བྱེད་སྟངས་དང་། མི་སྣ་དོ་དམ་བྱེད་སྟངས། གསོ་སྦྱོང་ལྟེ་གནས་གཉེར་སྐྱོང་བྱེད་སྟངས་སོགས་ལ་བསམ་བློ་མང་པོ་གཏོང་དགོས་ཀྱི་ཡོད་པས། ནམ་ཕྱེད་ཕར་བསྐྱལ་ཐོ་རེངས་ཚུར་བསུ་བ་ནི་ངའི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་ཏུ་གྱུར་སོང”ཞེས་དབུགས་རིང་ཕྲན་བུ་གཏོང་གིན་འདས་དོན་གླེང་།

    བློ་བཟང་བཀྲ་ཤིས་དང་གསོ་སྦྱོང་ལྟེ་གནས་ཀྱི་དགེ་རྒན་གཞན་རྣམས་ཀྱིས་ཕྲུ་གུ་རྩེ་མོར་དགའ་བའི་རང་གཤིས་དང་ཡ་མཚན་སྐྱེ་སླ་བའི་གཤིས་ཀར་གཞིགས་ཏེ། གླུ་གཞས་གཏོང་ལེན་དང་འཁྲབ་སྟོན་བྱེད་པ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་ཁག་གཅིག་ཚོད་ལྟ་བྱས་པ་དང་། དུས་ཡུན་ལོ་གཅིག་ལྷག་ཙམ་སོང་རྗེས། ཁོང་རྣམ་པའི་སློབ་ཁྲིད་བྱེད་སྟངས་དེ་ལུགས་དང་མཐུན་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཞིང་། རིམ་བཞིན་ཁོ་པའི་སློབ་ཁྲིད་བྱེད་ཐབས་ལ་ཁྱིམ་བདག་ཚོའི་ཁས་ལེན་ཐོབ། ལྷག་པར་དུ་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་པ་དང་། འཚང་ཁ་ཤིག་ཤིག་གིས་ལན་རྒྱག་པ། སྐོམ་པ་ཆུ་འདོད་ལྟར་ཤེས་ཡོན་སྦྱོང་འདོད་བྱེད་པ་མཐོང་སྐབས་བློ་བཟང་བཀྲ་ཤིས་ལ་དཀའ་ཚེགས་གང་འདྲ་འཕྲད་ཀྱང་མུ་མཐུད་རྒྱུན་འཁྱོངས་བྱེད་པའི་སེམས་ཤུགས་ཆེས་ཆེར་འཕེལ།

    “སློབ་མ་ཕལ་མོ་ཆེ་སྒྲུང་ཉན་པ་དང་གླུ་གཞས་ཉན་པར་དགའ་པོ་ཡོད་པས་ང་ཚོ་དགེ་རྒན་ཞིག་གི་ངོས་ནས་ཁོང་ཚོའི་གཤིས་ཀར་བསྟུན་ནས་སློབ་ཚན་ཁྲིད་རྒྱུ་དེ་གལ་ཆེན་པོ་ཞིག་རེད། གླུ་གཞས་དང་། རོལ་རྩེད། འཁྲབ་སྟོན་སོགས་ཀྱི་རྣམ་པ་སྤྱད་ན་གཅིག་ནས་སློབ་མའི་རང་གཤིས་དང་མཐུན་ལ། གཉིས་ནས་སློབ་ཁྲིད་ཀྱི་ཕན་འབྲས་ཀྱང་དེ་བས་ཆེ་བ་འདུག ངས་བལྟས་ན་དེ་ནི་བྱིས་པའི་སློབ་གསོའི་ལས་ཀ་བྱེད་མཁན་ཡོངས་ཀྱིས་མནོ་བསམ་གཏོང་དགོས་པའི་དོན་གནད་ཅིག་རེད”ཅེས་སློབ་མའི་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་ཐབས་སྐོར་གླེང་སྐབས་དེ་ལྟར་བརྗོད།

    འདི་ནི་བློ་བཟང་བཀྲ་ཤིས་དང་སློབ་མའི་མཉམ་པར།

    དུས་བསྟུན་འཕེལ་རྒྱས་གཏོང་བ།

    ད་ལྟ་ལྷ་སའི་སྒྱུ་རྩལ་པ་ཆུང་ཆུང་གསོ་སྦྱོང་ལྟེ་གནས་དེ་ལྷ་སར་མིང་གྲགས་ཅུང་ཙམ་ཡོད་པའི་གསོ་སྦྱོང་ལྟེ་གནས་ཤིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཉམས་ལེན་བྱེད་པའི་ལྟེ་གནས་ཤིག་ཏུའང་གྱུར་ཡོད།

    ལྟེ་གནས་དེར་ཁྱོན་སློབ་ཁུལ་བཞི་དང་དགེ་རྒན་20ལྷག་ཙམ་ཡོད་པ་དང་། དགེ་རྒན་གྱི་ཟླ་རེའི་ཐོབ་ཆའང་སྒོར་8000ཙམ་ཟིན་གྱི་ཡོད་པ་མ་ཟད། དབྱར་གསེང་དང་དགུན་གསེང་དུས་སུ་ཐོབ་ཆ་དེ་བས་མང་། བློ་བཟང་བཀྲ་ཤིས་ཀྱིས་དགེ་རྒན་བསྡུ་སྐབས་རེ་བ་ནན་པོ་འདོན་གྱི་ཡོད་ཅིང་། སློབ་ཁྲིད་ཀྱི་སྤུས་ཚད་འགན་ལེན་གང་ལེགས་ཡོང་ཆེད། འཛིན་གྲྭ་རེར་སློབ་མ་12དང་། འཛིན་གྲྭར་རེར་གཙོ་ཁྲིད་དགེ་རྒན་གཅིག་དང་ཟུར་ཁྲིད་དགེ་རྒན་གཅིག་བཀོད་སྒྲིག་བྱས་ཏེ། སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་དང་སློབ་མའི་དུས་ཚོད་འཕྲོ་བརླག་མི་འགྲོ་བ་བྱེད་ཀྱི་ཡོད། གསོ་སྦྱོང་ལྟེ་གནས་ཀྱིས་ད་བར་སློབ་མ་1200ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་དང་ཕུལ་བྱུང་གི་སློབ་མའང་མང་པོ་ཐོན་ཡོད། བློ་བཟང་བཀྲ་ཤིས་ཀྱིས་རྣམ་ཀུན་རང་ཉིད་ཀྱི་སློབ་ཁྲིད་བརྙན་ཐུང་འཁྱུག་དབྱིངས་སོགས་སུ་བསྐུར་གྱི་ཡོད་ཅིང་། གསོན་ཉམས་དོད་པའི་སློབ་ཁྲིད་བྱེད་སྟངས་ལ་ཁྱིམ་བདག་མང་པོས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་ལ། ཁོང་གི་སློབ་ཁྲིད་བརྙན་ཐུང་བརྒྱུད་བསྐུར་བྱེད་མཁན་ཡང་མང་པོ་བྱུང་ཡོད། བརྙན་ཐུང་འགའ་ཤས་ལ་ལྟ་མཁན་ཁྲི་ཡན་ཟིན་པ་དང་མོས་རྟགས་ཀྱང་5000ལྷག་ཐོབ།

    གསར་གཏོད་ནི་སྲོལ་རྒྱུན་ལ་རྒྱུན་འཛིན་དེ་བས་ཡག་པོ་ཡོང་བའི་ཆེད་དུ་རེད། བློ་བཟང་བཀྲ་ཤིས་ཀྱིས་སྲོལ་རྒྱུན་གྱི་རིག་གནས་དེ་དག་གང་འདྲ་བྱས་ན་སློབ་མས་བློར་ངེས་བདེ་བ་ཡོད། གང་འདྲ་བྱས་ན་སློབ་མའི་སྦྱོང་འདོད་ཀྱི་སྤྲོ་སེམས་འཕེལ་ཐུབ་མིན་སོགས་ལ་བསམ་བློ་མང་པོ་བཏང་དང་གཏོང་མུས་ཡིན་ཞིང་། སྒྱུ་རྩལ་པ་ཆུང་ཆུང་གསོ་སྦྱོང་ལྟེ་གནས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་སྒྱུ་རྩལ་མཉམ་འདྲེས་བྱས་ཏེ། ད་བར་བྱིས་གླུ་མི་ཉུང་བ་ཞིག་བརྩམས་ཡོད་པ་དང་། བློ་བཟང་བཀྲ་ཤིས་རང་ཉིད་ཀྱིས་ཀྱང་རྒྱ་ཆེའི་སློབ་མར་འཚམ་པའི་ལེ་ཚན་སྙན་སྒྲོན་དང་གཙོ་སྐྱོང་གི་བསླབ་གཞི་གཅིག་བཟོས་ཡོད་པས་སློབ་ཁྲིད་ཀྱི་ཕན་འབྲས་ཡག་ཏུ་ངེས་ཅན་ཕྱིན་ཡོད་ལ། སླད་མར་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

    འདི་ནི་བློ་བཟང་བཀྲ་ཤིས་ཀྱིས་སློབ་མར་ཁ་བཏགས་གཡོག་བཞིན་པ།

    གསར་འགོད་པ། ལྷག་པ་ཚེ་རིང་། ཕུན་ཚོགས་ཉི་སྒྲོན། བསོད་ནམས་མཚོ་མོ། བསོད་ནམས་སྟོབས་ལགས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།