དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • “寓言故事”ཞེས་པ་བསྡུས་བརྗོད་སྒྲུང་དུ་བརྗོད་ན་འགྲིག་མིན་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-17

    སྤྱིར་རིག་ཚན་མི་འདྲ་བ་རེར་བརྡ་དང་ཐ་སྙད་མི་འདྲ་བ་རེ་བཏགས་ཡོད་པ་དང་། དེའི་རྒྱུ་མཚན་ཡང་གཙོ་བོ་རིག་ཚན་དབར་གྱི་ཁྱད་པར་དང་ངོ་བོའི་ཁྱད་ཆོས་སོགས་ཐད་ཀར་རྟོགས་ཐུབ་པའི་ཕྱིར་དུ་ཡིན། འོན་ཀྱང་རིག་ཚན་གཅིག་ལ་མིང་དུ་མ་ཡོད་ན། དེར་འཇུག་མཁན་གྱི་སློབ་མ་དག་རྨོངས་པར་གྱུར་པའམ་ཐེ་ཚོམ་གྱི་དྲ་བར་ཚུད་སྲིད་དེ་དཔེར་ན། དམངས་ཁྲོད་རྩོམ་རིག་ནང་རྒྱལ་ནང་གི“寓言故事”ཞེས་པ་དེ་བོད་དུ་རབ་རྟོག་སྒྲུང་དང་། དཔེ་ཆོས་ཀྱི་སྒྲུང་། ལེགས་བཤད་ཀྱི་སྒྲུང་། བསྡུས་བརྗོད་སྒྲུང་སོགས་མིང་དུ་མ་སྣང་བ་དང་། མིང་དེ་དག་གིས་སློབ་མ་རྣམས་ལ་ཐེ་ཚོམ་དང་གོ་འཛོལ། ཐ་ན་སྐབས་རེ་རིག་ཚན་དེར་སུན་སྣང་ཡང་འབྱུང་སྲིད་པས། སྐབས་འདིར་དམངས་སྒྲུང་ལས“寓言故事”ཞེས་པ་འདི་བོད་སྐད་དུ་བསྡུས་བརྗོད་སྒྲུང་དུ་བརྗོད་ན་འགྲིག་མིན་སྐོར་རགས་ཙམ་གླེང་བར་བྱ།

    དང་པོ། གནད་དོན་འདོན་པ།

    དམངས་ཁྲོད་རྩོམ་རིག་གི་གཞུང་ལུགས་གྲུབ་པའི་དུས་ནི་ཤིན་ཏུ་ནས་ཕྱིས་ཏེ། ཕལ་ཆེར་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ནང་རྒན་དུང་ཅིན་ཧཱ་ཡིས་བརྩམས་གནང་བའི《བོད་ཀྱི་དམངས་ཁྲོད་རྩོམ་རིག》དང་། དུས་རབས་ཉེར་གཅིག་གི་ལོ་རབས་བཅུ་ནང་ཚུན་དུ་རྒན་འབའ་སྟོད་པད་མ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད་ཀྱིས་མཛད་པའི《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ》 རྒན་མིག་དམར་གྱིས་མཛད་པའི《དམངས་རྩོམ་རྣམ་བཤད》བཅས་གསུམ་ཡིན་ཞིང་དེ་ལས་རྒན་དུང་ཅིན་ཧྰ་ཡིས་མཛད་པ་དེ་ནི་རྒྱ་ཡིག་ཡིན་ཞིང་། གཞན་གཉིས་པོ་ནི་བོད་ཡིག་ལམ་ནས་བྲིས་ཡོད་པ་རེད། དེ་གསུམ་གྱི་རྗེས་ནས་བོད་ལ་དམངས་རྩོམ་གྱི་གཞུང་ལུགས་གཞན་ཡང་རིམ་པར་བྱུང་རུང་། སྒྲིག་གཞི་སྒྲིག་ལུགས་དང་བརྗོད་བྱའི་ནང་དོན་སོགས་གོང་གི་གསུམ་པོ་ལ་དཔེ་བླངས་ཡོད། ཡང་གོང་གི་གསུམ་པོས་སྒྲིག་གཞི་སྒྲིག་ལུགས་དང་བརྗོད་བྱའི་ནང་དོན་སོགས་རྒྱལ་ནང་གི་དམངས་ཁྲོད་རྩོམ་རིག་མཁས་ཅན་རྒན་ཀྲུང་ཅིན་ཝན་དང་ཏོན་པའོ་ལིང་། ཐོའོ་ལི་ཧྥན་སོགས་ཀྱིས་བརྩམས་གནང་བའི་དམངས་ཁྲོད་རྩོམ་རིག་གི་དཔེ་ཆ་དག་ལ་དཔེ་བླངས་ཡོད། རྒྱལ་ནང་གི་མཁས་པས་མཛད་པའི་གཞུང་ལུགས་ལ་དཔེ་བླངས་པའི་བརྒྱུད་རིམ་ཁྲོད་སྤུན་ཟླའི་མི་རིགས་ནང“寓言故事”ཞེས་པའི་སྒྲུང་གི་རིགས་ཤིག་དར་ཡོད་པ་མ་ཟད་བོད་ལ་ཡང་དེ་མཚུངས་ཀྱི་སྒྲུང་རིགས་དར་ཡོད་པས། བོད་ཡིག་ལམ་ནས་གཞུང་ལུགས་འབྲི་མཁན་ཚོར་དེའི་མིང་ཅི་ཞིག་བཏགས་ན་འཚམས་མིན་སྐོར་ལ་དགོངས་པ་མི་འདྲ་བ་རེ་བྱུང་ནས་རྩོམ་གཞུང་ནང་རབ་རྟོག་སྒྲུང་དང་། དཔེ་ཆོས་ཀྱི་སྒྲུང་། ལེགས་བཤད་ཀྱི་སྒྲུང་། བསྡུས་བརྗོད་ཀྱི་སྒྲུང་སོགས་ཐོན་ཡོད། དེ་དག་གིས་བོད་ཀྱི་དམངས་རྩོམ་ལ་འཇུག་མཁན་ཚོར་རྨོངས་མུན་ཐེ་ཚོམ་གྱི་སེམས་བྱུང་ཞིག་སྐྱེ་རུ་འཇུག་པས། གཤམ་དུ་བོད་དུ་དར་བའི་སྒྲུང་རིགས“寓言故事”ཞེས་པ་དེ་བོད་སྐད་ཡིག་ནང་གང་ཞིག་བརྗོད་ན་འཚམས་པ་དང་གང་ཞིག་བརྗོད་ན་མི་འཚམ་པའི་སྐོར་ལ་ཅུང་གླེང་བར་བྱ་རྒྱུ་ཡིན།

    གཉིས་པ། གཞན་ལུགས་སུན་འབྱིན།

    བོད་ཀྱི་རྩོམ་གཞུང་གིས་མཁས་པ་ལ་ལས“寓言故事”ཞེས་པ་དེ་དཔེ་ཆོས་ཀྱི་སྒྲུང་ཞེས་སྒྱུར་ཡོད། དཔེ་ཆོས་ཀྱི་སྒྲུང་ཞེས་པའི་དཔེ་ཆོས་ནི་བོད་དུ་ཕལ་ཆེར་དུས་རབས་བཅུ་གཅིག་ནང་བོད་སྔ་རབས་མཁས་པ་ཁག་གཅིག་གིས་བེད་སྤྱོད་གནང་ཡོད་དེ་ཐུའུ་ཀྭན་གྲུབ་མཐའ་ལས“དཔེ་ཆོས་ལ་ནི་གསུམ་བྱུང་སྟེ། ཐོག་མར་གྲབ་པས་བསྒྲིགས་པ་ནི་བསྡུས་པ་དང་། བྲག་དཀར་བས་དེ་གཞིར་མཛད་ནས་ཁོང་རང་ཉིད་ཀྱིས་དགེ་བཤེས་ལ་གསན་པའི་དཔེ་ཡང་མང་དུ་བསྣན་ཏེ་བསྒྲིགས་པ་ནི་རྒྱས་པ་དང་། ལྕེ་སྒོམ་རྫོང་པས་སྔ་མ་གཉིས་ལ་གོ་བདེ་བའི་འབྲིང་པོ་ཞིག་མཛད་དེ། དེ་ལ་དཔེ་ཆོས་རིན་ཆེན་སྤུངས་པ་ཞེས་བྱའོ”ཞེས་གསུངས་པ་ལྟར་དང་། དེའི་དགོས་པའང་དཔེ་ཆོས་རིན་ཆེན་སྤུངས་པ་ལས། དེས་ན་ཁོང་གཞན་གྱིས་མ་གོ་ཡི་དོགས་ནས། ཆོས་ཐམས་ཅད་དཔེ་སྣ་ཚོགས་ཀྱི་སྒོ་ནས། དོན་གཏན་ལ་ཕབ་ཅིང་སྟོན་པ་ཡིན་ཏེ། དེ་ཡང་དགེ་བའི་བཤེས་གཉེན་པོ་ཏོ་བ་དེས། དཔེ་དུ་མའི་སྒོ་ནས་མཚོན་ཏེ་གསུངས་པའི་དགོས་པ་ནི། དཔེ་སྒོ་ནས་དོན་མྱུར་དུ་རྟོགས་པར་གྱུར་ཏེ། རྟོགས་པ་བརྗོད་པའི་སྡེ་བྱ་བ་ཡང་། དཔེའི་སྒོ་ནས་བསྟན་པ་ལ་གསུངས་པ་ཡིན། སྔར་གྱི་མཁས་པས་བསྟན་བཅོས་ཐམས་ཅད་ཀྱང་། དཔེ་ཁོ་ན་སྦྱར་ནས་གསུངས་སྲོལ་ཡོད་། དེ་དང་འདྲ་བར་དགེ་བའི་བཤེས་གཉེན་པོ་ཏོ་བ་ཉིད་ཀྱིས་ཀྱང་། གསུང་ཐམས་ཅད་དཔེ་སྣ་ཚོགས་དང་སྦྱར་ཅིང་གསུངས་ལ། དཔེ་ཆོས་རིན་ཆེན་སྤུངས་པའི་མགོར“བྱང་ཆུབ་ལམ་རབ་གསལ་བྱེད་དཔེ་ཡི་ཆོས། འགྲོ་ལ་ཕན་ཕྱིར་རིན་ཆེན་སྤུངས་པ་བྲི”ཞེས་དང་མཇུག་ཏུ“སྐྱེས་བུ་གསུམ་གྱི་ཐར་པའི་ལམ། ངོ་སྤྲོད་གསལ་བྱེད་དཔེ་ཡི་ཆོས”ཞེས་གསུངས་པ་ལས་ཀྱང་དཔེ་ཆོས་ཞེས་པ་ནི་རྩོམ་རྣམ་གང་འདྲ་ཞིག་ལ་གོ་དགོས་མིན་གསལ་པོར་རྟོགས་ཐུབ་པ་གང་ཞིག དཔེ་ཆོས་ཡིན་ཕྱིན་སྒྲུང་ཡོད་པས་མ་ཁྱབ་ཏེ་དཔེར་ན་ནམ་མཁའ་དང་བྲག་ཕུག་བྱང་ལྟས། ཁབ་རྩེར་ཡུངས་དཀར་འཆགས། ཉིན་སྐར། མཁར་ཐོག་རྩྭ། ཚོང་འདུས་བཞིན་ལ་སོགས་མང་པོ་ཡོད་དེ་ཁབ་རྩེར་ཡུངས་དཀར་ཆགས་ལྟ་བུ་ནི་ཁབ་ཀྱི་རྩེ་མོ་གྱེན་ལ་བསྟན་པའི་སྟེང་ན་མར་ཉུངས་དཀར་མང་པོ་དལ་བུས་བླུགས་ན་འཆགས་སྲིད་ཀྱང་དེ་འདྲ་ཤིན་ཏུ་ནས་དཀའ་བ་བསྟན་པ་དང་། ཉིན་སྐར་ནི་འོ་སྐོལ་མི་ལུས་ཐོབ་པ་རྣམས་ནི་ཉིན་མོའི་སྐར་མ་ཙམ་ཡིན་པ་ལྟ་བུ་རྣམས་ལ་སྒྲུང་མེད་དོ། དེར་བརྟེན་དཔེ་ཆོས་ཞེས་པ་ནི་ངེས་པ་ཅན་གྱི་ཐ་སྙད་ཅིག་ཡིན་པས། “寓言故事”ལ་དཔེ་ཆོས་སམ་དཔེ་ཆོས་ཀྱི་སྒྲུང་ཞེས་མི་འཚམས་ཏེ“寓言故事”ཡིན་ན་བཀའ་དང་འབྲེལ་བའི་སྒྲུང་ཡིན་དགོས་པས་མ་ཁྱབ་ཅིང་། དམངས་ཁྲོད་སྒྲུང་ནི་འཇིག་རྟེན་སྐྱ་བོའི་སྒྲུང་ཡིན་པས་དེའི་དམིགས་ཡུལ་ཡང་བཀའ་ཡི་ཆེད་དུ་སྒྲུང་དར་ཞིང་ཕན་ཚུན་བརྒྱུད་པའང་མ་ཡིན་ལ། ཡིན་པའི་དབང་དུ་བཏང་རུང་དཔེ་ཆོས་ཡིན་ཕྱིན་སྒྲུང་ཡོད་པས་མ་ཁྱབ་སྟེ། སྒྲུང་མེད་པའི་དཔེ་ཆོས་ཀྱང་མང་པོ་ཞིག་ཡོད་པས་མཚོན་བྱ་དཔེ་ཆོས་དང་མཚོན་བྱེད་སྒྲུང་གཉིས་ཕན་ཚུན་ཁྱབ་པ་སྒོ་བརྒྱད་མི་ལྡན་པའི་ཕྱིར་རོ།

    གསུམ་པ། རང་ལུགས་འཐད་ལྡན་དུ་སྒྲུབ་པ།

    བྱ་བ་གང་དང་གང་ཞིག་བརྩམས་རུང་དེར་ཁུངས་ལུང་རྒྱུ་མཚན་སོགས་ཡོད་པའི་སྒོ་ནས་སྒྲུབ་རྒྱུ་ནི་གལ་འགངས་ཆེ་བས། འདིར་བསྡུས་བརྗོད་སྒྲུང་ཞེས་འཐད་པར་སྒྲུབ་པ་ལ་ཡང་། ཁུངས་ལུང་རྒྱུ་མཚན་སོགས་ཡོད་དགོས་པས། “寓言故事”ལ་བསྡུས་བརྗོད་སྒྲུང་དུ་འདོད་པའི་མིང་དེ་ཁུངས་གང་ལ་བཅོལ་ཟེར་ན། དེ་ནི་སྙན་གཞུང་ལ་བཅོལ་བ་ཡིན་ཏེ། སྙན་གཞུང་ནང་བསྟན་པའི་དོན་དང་སྐབས་འདིའི“寓言故事”དབར་ངོ་བོ་དང་ཁྱད་ཆོས་སོགས་དབར་འདྲ་ཆོས་ཡོད་པས་ཡིན་ཏེ་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས་བསྡུས་བརྗོད་རྒྱན་སྤྱིའི་མཚན་ཉིད་ལ། རྗོད་འདོད་དཔེ་ཅན་ལ་བསམས་ནས། དེ་མཚོན་དཔེ་ཞིག་བརྗོད་པ་ཡིས། དཔེ་ཅན་བསྡུས་ནས་སྟོན་བྱེད་པ། དེ་འདྲ་བསྡུས་བརྗོད་རྒྱན་དུ་འདོད། ཅེས་བརྗོད་པར་འདོད་པའི་དོན་གང་ཞིག་དགོས་དབང་སོགས་ཀྱིས་རྐྱེན་པས་ཚིག་ཟིན་དུ་ཐད་ཀར་མ་བསྟན་པར་དེ་དང་ཁྱད་ཆོས་ཆ་འདྲ་བའི་དཔེ་ཞིག་དངོས་སུ་ཚིག་ཟིན་དུ་བསྟན་ནས་དཔེ་དེའི་ཁྱད་ཆོས་སོགས་བརྗོད་པ་དང་། ཤུགས་སུ་བརྗོད་འདོད་ཀྱི་དོན་དེ་མངོན་མཚོན་བྱས་ཡོད་དེ་འཇུ་མི་ཕམ་པས་ཀྱང་ཡིད་ལ་བསམ་རྒྱུའི་དོན་དེ་ངག་ཏུ་བརྗོད་རྒྱུའི་དོན་དེ་ལ་བསྡུས་ནས་བསྟན་པའི་ཕྱིར་རོ་ཞེས་གསུངས་པ་ལྟར་དང་དེ་མིན་སྙན་གཞུང་གི་རྩ་བའི་དཔེ་གཞིའི་ཐོག་ནས་བལྟས་རུང་ཚིག་ཟིན་དུ་དཔེ་བསྟན་ནས་ཤུགས་སུ་དཔེ་ཅན་ཞིག་མཚོན་ཡོད། “寓言故事”ཡིས་ཀྱང་བརྗོད་འདོད་ཀྱི་དོན་དེ་རྒྱུ་རྐྱེན་གང་རུང་གིས་རྐྱེན་བྱས་ནས་ཚིག་ཟིན་དུ་མ་བསྟན་པར་དེ་དང་འདྲ་བའི་སྲོག་ཆགས་སོགས་ཀྱི་སྒྲུང་དངོས་སུ་བསྟན་ནས་ཤུགས་སུ་བརྗོད་དོན་དེ་རྟོག་པར་བྱས་ཡོད་ཡིན་ནའང་བསྡུས་བརྗོད་སྒྲུང་དང་སྲོག་ཆགས་སྒྲུང་གཉིས་ནོར་མི་ཉན་ཏེ། དེ་གཉིས་ལ་འདྲ་བའི་ཆ་ཡོད་ལ་མི་འདྲ་བའི་ཆ་ཡང་ཡོད་དེ། འདྲ་བའི་ཆ་ནི་བསྡུས་བརྗོད་སྒྲུང་ནི་སྲོག་ཆགས་སྒྲུང་གི་རྨང་གཞིའི་སྟེང་ནས་དར་བ་གང་ཞིག་མི་སྣའི་སྣང་བརྙན་ནི་སྲོག་ཆགས་ཡིན་པ་གཅིག་འདྲ་དང་། སྲོག་ཆགས་གང་རུང་གི་འགལ་འབྲེལ་འམ་བྱ་སྤྱོད་བྲི་རྒྱུ་ཡང་གཅིག་འདྲ་རེད། མི་འདྲ་བའི་ཆ་ནི། དང་པོ་དེ་གཉིས་ཀྱི་དམིགས་ཡུལ་མི་འདྲ་སྟེ་སྲོག་ཆགས་སྒྲུང་གིས་སྲོག་ཆགས་རང་གིས་ཁྱད་གཤིས་མངོན་མཚོན་བྱ་རྒྱུ་ལས་གཞན་པའི་དམིགས་ཡུལ་མེད། བསྡུས་བརྗོད་སྒྲུང་གིས་སྲོག་ཆགས་དབར་གྱི་འགལ་འབྲེལ་བརྒྱུད་ནས་མིའི་སྤྱི་ཚོགས་ཀྱི་འགལ་འབྲེལ་མཚོན་གྱི་ཡོད། གཉིས་པ་མི་གཤིས་མངོན་ཆེ་ཆུང་གི་ཁྱད་པར་ཡོད་དེ། སྲོག་ཆགས་སྒྲུང་ནང་མི་གཤིས་མངོན་ཆུང་བ་དང་བསྡུས་བརྗོད་སྒྲུང་ནང་མི་གཤིས་མངོན་ཆེ། ད་དུང་བསྡུས་བརྗོད་སྒྲུང་ལ་གོ་བསྐོན་སློབ་གསོའི་ནུས་པ་ལྡན་པ་དང་། སྲོག་ཆགས་སྒྲུང་ནང་སྲོག་ཆགས་ཀྱི་འགུལ་བསྐྱོད་དང་བྱ་སྤྱོད་དམིགས་སུ་བཀར་བ་ལས་སློབ་གསོའི་ནུས་པ་ཆེར་མི་འཛིན།

    དེས་ན། ང་ཚོས“寓言故事”ལ་བསྡུས་བརྗོད་སྒྲུང་དུ་བཏགས་ན་འཐད་པར་སེམས་ལ་དེའི་མཚན་ཉིད་ལའང《དམངས་རྩོམ་རྣམ་བཤད》ལས། བརྗོད་འདོད་དེ་དངོས་པོ་གཞན་གྱི་ནང་དུ་བསྡུས་པའི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་གཏིང་ཟབ་པའི་གནས་ལུགས་སམ་ཆོས་ཉིད་ངེས་ཅན་ཞིག་མཚོན་པར་བྱས་པ་གང་ཞིག་བསླབ་འདོམས་ཀྱི་སྙིང་དོན་དང་ཤེས་བྱའི་རིན་ཐང་ངེས་ཅན་ལྡན་པའི་དམངས་ཁྲོད་སྒྲུང་ལ་ཟེར། ཞེས་གསུངས་པ་ཚད་མར་མཐོང་ངོ་།

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་སྐར་མ་ཚེ་རིང)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།