དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ཀྱི་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་རྒྱུ་རྐྱེན་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས། ཚེ་རིང་བུ་ཁྲིད།   |     སྤེལ་དུས།  2026-04-16

    བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་ཀྱི་ལོ་ཙཱའི་བྱ་གཞག་འཕེལ་རྒྱས་བྱུང་བ་དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཆེས་བརྗིད་ཉམས་ལྡན་པའི་བྱ་གཞག་ཅིག་ཡིན་ཞེས་བརྗོད་ཆོག སྐབས་དེ་དུས་ཡིག་སྒྱུར་ཚད་ལྡན་གྱི་རང་བཞིན་ཅན་དུ་གྲུབ་པ་དེས་མི་རབས་རྗེས་མའི་ལོ་ཙཱའི་བྱ་གཞག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་མ་ཟད།  དེང་རབས་གྱི་ཡིག་སྒྱུར་བྱ་གཞག་ལ་ཞིབ་ཚགས་པའི་ལོ་ཙཱའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།  

    བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ལོ་ཙཱའི་བྱ་བར་མཐོང་ཆེན་པོ་བྱས་ཡོད་དེ། གཅིག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཆབ་སྲིད་རྒྱ་ཆེར་བཏང་ནས། ཁྱིམ་མཚེས་རྒྱལ་ཁབ་དང་སྤུན་ཟླའི་མི་རིགས་དབར་གྱི་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པས། ཕྱི་འབྲེལ་བྱ་བ་གོང་འཕེལ་བྱུང་ནས་རིག་གནས་སྤེལ་རེས་ཐུབ་པ་བཅས་ཀྱིས་ཕྱིས་ཀྱི་བོད་ཀྱི་ལོ་ཙཱའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། གཉིས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རབ་བྱུང་གི་ཐོག་མ་སད་མི་བདུན་བྱུང་བ་དང་། སྒྲ་སྒྱུར་རྒྱ་གར་གླིང་བཙུགས་པ་དང་ལོ་ཙཱ་བ་མང་དུ་གསོ་སྐྱོང་མཛད་པ། སྔོན་ཐོན་མི་རིགས་གཞན་གྱི་རིག་གནས་སློབ་སྦྱོང་དང་དང་ལེན། ལོ་ཙཱའི་རྩ་དོན་གཅིག་གྱུར་གྱིས་གཏན་ལ་ཕབ་པ་བཅས་ལས་བོད་ཀྱི་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    དང་པོ། ཁྲི་སྲོང་ལྡེ་བཙན་སྐབས་སུ་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་རྒྱུ།

    རྒྱལ་པོ་སྲོང་བཙན་སྒམ་པོས་སྐབས་དེ་དུས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་ནང་འདྲེན། དེ་བཞིན་ཕྱི་འབྲེལ་ཐད་དགོས་མཁོ་ཆེ་བའི་ད་ལྟ་སྤྱོད་བཞིན་པའི་བོད་ཡིག་གསར་བཟོ་གནང་བས་ལོ་ཙཱའི་བྱ་གཞག་ལ་རྨང་གཞི་ལེགས་པོ་ཞིག་བཏིང་ཞིང་། ཐོན་མིས་སྐབས་དེའི་རྒྱ་གར་གྱི་རིག་པའི་གནས་མཐའ་དག་བྱང་ཆུབ་པར་སྦྱངས་ཏེ་ཕྱིར་བོད་དུ་ལོག་ནས་སྒྲ་སྒྱུར་གྱི་ལས་ལ་འཇུག་པ་སྟེ། 《སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག》དང་། 《སངས་རྒྱས་ཕལ་པོ་ཆེའི་མདོ》སོགས་བོད་སྐད་དུ་བསྒྱུར་པ་དང་།  ཐོན་མིས་གཙོས་པས་ཐོག་མར་བསྒྱུར་བའི་མ་ཡིག་གི་ཡོངས་ཁུངས་ཏེ། གཅིག་ནི་སྔར་བོད་ཀྱི་བཙན་པོའི་ཕོ་བྲང་ནང་ཉར་ཚགས་བྱས་པའི་གཉན་པོ་གསང་བའི་ཁྲོད་ཀྱི་དམ་ཆོས་པོ་ཏི་གསུམ་དང་། གཉིས་ནི་ཐོན་མིས་རྒྱ་གར་ནས་འཁྱེར་ཡོང་བའི《མདོ་སྡེ་དཀོན་མཆོག་སྤྲིན》 དང《མདོ་སྡེ་ཟ་མ་ཏོག》ཡིན། ཐོན་མི་ནི་བོད་མི་ཀུན་གྱིས་ཁས་ལེན་པའི་ལོ་ཙཱ་བའི་ཐོག་མ་དང་མཛངས་མི་བདུན་གྱི་བཞི་པར་ངོས་འཛིན་ཞིང་། ཁོང་གིས་སྐབས་དེའི་སྔོན་ཐོན་མི་རིགས་དང་ཕྱིའི་རྒྱལ་ཁབ་ཀྱི་རིག་གནས་ནང་འདྲེན་ལ་བྱས་རྗེས་དམིགས་བསལ་བཞག་ཡོད་པ་དེའང་སྨོས་མི་དགོས་པ་ཡིན།

    གོང་དུ་བཀོད་ཟིན་པའི་སྣང་ཚུལ་དེ་རྣམས་ལས་ཤེས་གསལ། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ལོ་ཙཱ་བྱུང་ཡོད་པ་ནི་སྨོས་མི་དགོས་པ་ཡིན་མོད། འོན་ཀྱང་དེ་དུས་འཕེལ་རྒྱས་ཧ་ཅང་ཆེ་བ་དང་། ཆ་ཚང་བ། རིགས་པའི་གཞུང་ལུགས་ལེགས་པོ་ཞིག་བྱུང་མེད། གང་ལྟར། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་བརྙེས་པ་དང་། སྲོང་བཙན་སྒམ་པོའི་སྐབས་སུ་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་གཏོད་པ་གཉིས་ནི་ཁྲི་སྲོང་ལྡེ་བཙན་སྐབས་སུ་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་རྒྱུ་རུ་ངེས་སོ། །

    གཉིས་པ། ཁྲི་སྲོང་ལྡེ་བཙན་སྐབས་སུ་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་རྐྱེན།

    གཅིག ནང་རྐྱེན།

    དེ་ཡང་བསམ་ཡས་ཀྱི་དཀར་ཆག་ཆེན་མོར་གྲགས་པ《རྦ་བཞེད》ལས། “དེ་ནས་ཆོས་ཀྱི་འདུན་ས་ནི་བྲག་དམར་མཚོ་མོ་གུར་དུ་ཕུབ། གསལ་སྣང་ནི་ཆོས་ཀྱི་ཚུགས་དཔོན་བླར་བསྐོས་ནས་དུས་དེར་བོན་པོ་དང་བོན་བློན་རྣམས་ཁ་ལོག་སྟེ་ཆོས་མི་བྱེད་བོན་བྱའོ་ཟེར་བས་བོ་དྷི་ས་ཏྭའི་ཞལ་ནས་རྒྱལ་ཁམས་གཅིག་ཏུ་ཆོས་ལུགས་གཉིས་བྱུང་ན་ཤིན་ཏུ་སྡིག་ཆེ། འོ་ཅག་རྩོད་པ་བྱས་ལ་ཁྱེད་རྒྱལ་ན་ང་འགྲོ་བོན་སྤེལ། ཆོས་རྒྱལ་ན་བོན་བསྣུབས་ལ་དམ་པའི་ལྷ་ཆོས་བྱ་གསུངས།”ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཁན་ཆེན་བོདྷིསཏྭ་དང་སློབ་དཔོན་པད་འབྱུང་སོགས་གདན་དྲངས། དེ་དང་ཆབས་ཅིག་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་ཡོང་བའི་ཆེད་དུ་དབའ་གསལ་སྣང་ལ་སོགས་རྒྱ་གར་ཏུ་མངགས་ནས་མཁན་ཆེན་ཞི་བ་འཚོ་གདན་དྲངས། དེ་རྗེས་ལོ་ཙཱ་རྒྱ་ཆེར་དར་པ་དང་། ལོ་ཙཱའི་རྟེན་དུའང་རྒྱ་གར་གྱི་ཨོ་ཏན་ཏ་པཱུརིའི་ལྷ་ཁང་ལ་དཔེ་བྱས་ནས་མཁན་ཆེན་ཞི་བ་འཚོའི་ཞལ་བཀོད་ལྟར་བོད་ཀྱི་ཆེས་ཐོག་མའི་དགོན་སྡེ་སྟེ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ་ནི་ཁྲི་སྲོང་ལྡེ་བཙན་སྐབས་སུ་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་ནང་གི་རྐྱེན་དུ་འདོད་དོ། 

    གཉིས། ཕྱི་རྐྱེན།

    ཐོག་མར་ཁྲི་སྲོང་ལྡེ་བཙན་གྱིས་མངའ་ཁོངས་མུ་མཐུད་རྒྱ་ཆེར་བཏང་། འོན་ཀྱང་དེར་མི་ཤུགས་དང་དངོས་ཤུགས་ཕོན་ཆེན་དགོས། སྐབས་དེ་དུས་བོད་རང་ཉིད་ཀྱང་དཔལ་འབྱོར་ཐད་ཀྱི་ཆ་རྐྱེན་ཞན་པས་ས་ཁོངས་རྒྱ་སྐྱེད་ངེས་ཅན་བྱུང་མོད། འོན་ཀྱང་སྤྱི་ཚོགས་ཐོན་སྐྱེད་ཀྱི་ནུས་པར་འཕེལ་རྒྱས་དེ་ཙམ་ཕྱིན་མེད། གནས་བབ་དེ་འདྲ་ཡིན་པའི་རྐྱེན་གྱིས་ཐང་ཐའེ་ཙུང་གིས་སྲིད་དབང་བཟུང་པའི་རྗེས་ལ་མཐའ་འཁོར་གྱི་རྒྱལ་ཁབ་དང་ལྷན་དུ་འབྲེལ་བ་བྱས་ནས་བོད་ཀྱི་ཚོང་ལས་བཀག་པའི་སྲིད་ཇུས་གཏན་འཁེལ་བྱས་པས།  བོད་དེ་ཚོང་དོན་ཐད་གྲོགས་མེད་ཁེར་རྐྱང་གི་གནས་སུ་ལྷུང་།  དེ་ཡི་དུས་སུ་གཙོ་བོ་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་སྲིད་ཇུས་ལོ་ཙཱའི་ཐབས་ལ་བརྟེན་ནས་བསྒྱུར་བ་དེར་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ཐོན་སྐྱེད་ནུས་པ་ཉིན་རེ་བཞིན་གོང་མཐོར་གཏོང་བཞིན་ཡོད། དེའི་རྗེས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནར་སོན་རྗེས་སྲིད་བསྐྱངས་པས་མདོ་དབུས་མཐོ་སྒང་དེ་ཡང་རིམ་བཞིན་འབྱོར་ཕྱུག་ལྡན་པར་གྱུར་པ་རེད། དཔལ་འབྱོར་དེ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་སྐབས་རིག་གནས་དེས་ཀྱང་དེའི་གོམ་སྟབས་ཟིན་པ་བྱས་ནས་དཔུང་པ་མཉམ་གཤིབ་དང་གོམ་པ་གཅིག་འགྲོས་ཀྱི་འཕེལ་རྒྱས་བྱུང་ཚེ་སྤྱི་ཚོགས་ལ་ཕན་པ་དེ་བས་མང་བ་བསྐྲུན་ངེས། སྐབས་དེ་དུས་བོད་རིགས་མི་དམངས་ཀྱི་རིག་གནས་ཆུ་ཚད་དམའ་བས་སྔོན་ཐོན་མི་རིགས་གཞན་གྱི་རིག་གནས་བསྒྱུར་བར་བརྟེན་ནས་རང་ཉིད་ཀྱི་རིག་གནས་ཆུ་ཚད་གོང་མཐོར་གཏོང་ཐབས་བྱས་པ་རེད། དེ་བས་ཀྱང་མཐའ་འཁོར་རྒྱལ་ཁབ་དང་འབྲེལ་འདྲིས་བྱེད་དགོས་པའི་དགོས་མཁོར་གཞིགས་ནས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙཱར་མཐོང་ཆེན་པོ་གནང་།  དེ་དུས་ཀྱི་ལོ་ཙཱའི་བྱ་གཞག་ལ་བཙན་པོའི་མི་རྒྱུད་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། གཞན་ཡང་རྒྱ་ནག་སྐད་ཀྱི་ལོ་ཙཱ་བ་བྲན་ཀ་ལེགས་ཀོང་དང་ལྷ་ལུང་ཀླུ་གོང་། གྲོགས་གོམ་དབུལ་ཀོང་། སྦ་དཔལ་དབྱངས།  རྨ་རིན་ཆེན་མཆོག འགོས་ཆོས་གྲུབ། བེཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ།  སྦ་སང་ཤི། སྦ་གསལ་སྣང་།  ལེགས་ཕྱིན་ཉི་མ་བཅས་བྱོན་པ་མ་ཟད། པར་ཟིག་གི་མཁས་པ་གཉིས་སོགས་ཀྱང་བྱོན་རྐྱེན། རྒྱལ་ཁབ་ཕྱི་ནང་གི་རིག་གནས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ཤེས་པས་རང་མི་རིགས་ལ་ལོ་ཙཱའི་བྱ་གཞག་རྒྱ་ཆེར་སྤེལ་བའི་དགོས་པ་ཆེན་པོ་ཡོད་སྙམ།

    མདོར་ན། སྐབས་དེ་དུས་སྤྱི་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དང་། རིག་གནས་ནང་འདྲེན། ཕྱི་འབྲེལ་བྱ་བ་སོགས་ཕྱོགས་གང་ཅིའི་ཐད་ལ་ལོ་ཙཱ་དེ་དགོས་མཁོ་ཤིན་ཏུ་ཆེ་བས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙཱའི་བྱ་བའི་ཐད་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་རྟོགས་པས་ལོ་ཙཱའི་བྱ་གཞག་དེ་ཡང་དར་ཞིང་རྒྱས་པ་བྱུང་བ་འདི་ནི་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་དུ་བོད་ཀྱི་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་ཕྱི་རྐྱེན་གཙོ་བོ་ཞིག་ཡིན་པར་འདོད། 

    བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་བོད་ཀྱི་ཡིག་སྒྱུར་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་རྒྱུ་རྐྱེན་ནི་ཆེ་ས་ནས་སྐབས་དེ་དུས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དེ་བཞིན་ཕྱི་འབྲེལ་སོགས་ཀྱི་འཕེལ་རྒྱས་ཐད་ལ་དགོས་མཁོ་ཤིན་ཏུ་ཆེ་བ་ཡིན་པའི་སྤྱི་ཚོགས་ཀྱི་གནས་སྐབས་དང་མཐུན་པ་དང་། བཙན་པོའི་རྒྱ་ཆེའི་རྒྱབ་སྐྱོར་དང་མང་ཚོགས་ཀྱི་ཧུར་ཐག་འབད་ཐག་གི་སྲུང་སྐྱོབ་ལ་བརྟེན་པ་ཞིག་ཡིན། ཆུང་ས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱའི་བྱ་གཞག་ལ་སྔར་ལས་ལྷག་པའི་མཐོང་ཆེན་བྱས་ནས་ལོ་ཙཱའི་བྱ་གཞག་ལ་ཆེད་མངགས་མཁོ་བའི་སྒྲ་བསྒྱུར་གླིང་བཙུགས་པ་དང་། ལོ་ཙཱ་བ་ཕུལ་དུ་བྱུང་བ་མང་པོ་གསོ་སྐྱོང་བྱས་པས་རེད་སྙམ། དེས་ན། བོད་ཀྱི་ལོ་ཙཱའི་བྱ་གཞག་གི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པས་ལོ་ཙའི་བྱ་གཞག་གི་ལོ་རྒྱུས་ཞིབ་འཇུག་ཟབ་མོ་ཐུབ་ཚེ་བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་པར་ཕན་ཡོན་ངེས་ཅན་ལྡན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།