《ཆུ་ངོགས་གཏམ་རྒྱུད》ལས་འབུལ་རྟེན་ཐབས་ཀྱིས་བླངས་པའི་སྐོར་གྱི་བོད་འགྱུར་མའི་ཁྱད་ཆོས་རགས་ཙམ་གླེང་བ།
《ཆུ་ངོགས་གཏམ་རྒྱུད》ལས་འབུལ་རྟེན་ཐབས་ཀྱིས་བླངས་པའི་སྐོར་གྱི་དུམ་བུ་འདི་ནི《ཆུ་ངོགས་གཏམ་རྒྱུད》ཧྲིལ་པོ་ནས་བཤད་ན་གོང་མཐུད་འོག་འདྲེན་གྱི་ནུས་པ་ཐོན་ཡོད་ཅིང་། མི་སྣའི་རྣམ་པ་དང་གཏམ་གླེང་སོགས་ཕུན་སུམ་ཚོགས་པ། སྒྱུར་རྩལ་ཐད་ནས་བཤད་ན་གང་ལ་གང་འོས་ཀྱི་སྒྱུར་ཐབས་ལེགས་པར་དཔྱད་དེ་བརྗོད་དོན་མ་ཡིག་དང་མཐུན་ཞིང་། རྗོད་བྱེད་ཚིག་སྦྱོར་སྙན་ཆ་དོད་ལ་བོད་སྐད་ཀྱི་འགྲོས་དང་མཐུན་པ། མ་ཡིག་སྒྱུ་རྩལ་གྱི་ཉམས་འབུར་དུ་ཐོན་པ་སོགས་ཁྱད་ཡོན་བསམ་གྱིས་མི་ཁྱབ་པ་ལྡན། འབུལ་རྟེན་ཐབས་ཀྱིས་བླངས་པའི་སྐོར་དུམ་བུ་འདིར་སྒྱུར་ཐབས་གང་དང་གང་སྤྱད་པས་འགྱུར་ལེགས་པོ་བྱུང་ཡོད་ཚུལ་གཤམ་དུ་རེ་རེ་བཞིན་གླེང་བ་ལ།
གཅིག མ་ཡིག་ཁྲོད་ཀྱི་གོམས་སྲོལ་རིག་གནས་ལ་གོ་བ་འདྲ་ཆགས་ཡོང་ཕྱིར་དོན་སྒྱུར་བཀོལ་བའི་ཁྱད་ཆོས།
མི་རིགས་གང་ཞིག་ཡིན་རུང་ས་ཁམས་དང་ཡུལ་ཁམས་དབང་གིས་དུས་རྒྱུན་བཟའ་སྤྱོད་སྡོད་གསུམ་བྱེད་པའི་སྐབས་རང་སོ་སོར་ཐུན་མོང་མ་ཡིན་པའི་འཚོ་བའི་གོམས་གཤིས་རེ་ཆགས་ཡོད། ཡིག་སྒྱུར་གྱི་བརྒྱུད་རིམ་ནང་བསྒྱུར་བྱའི་མ་ཡིག་གི་དངོས་ཤུགས་གཉིས་ཀྱི་བསྟན་དོན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། རྩོམ་ཉམས། ཡུལ་གོམས་གཤིས་ལུགས་སོགས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་དགོས། དེ་ཡང་། འབུལ་རྟེན་ཐབས་ཀྱིས་བླངས་པའི་སྐོར་གྱི་དུམ་བུ་འདིར་མཚོན་ན་བོད་མིའི་ཡུལ་གོམས་གཤིས་ལུགས་དང་མཐུན་པ་སོགས་ཀྱི་དགོས་པའི་དབང་གིས་གང་ལ་གང་འཚམ་གྱིས་དོན་སྒྱུར་བྱས་པ་དེ་གནད་ལ་འཁེལ་པོ་བྱུང་ཡོད་དེ་དཔེར་ན།
①众人道:“今日些一会,应非偶然。须请保正哥哥正面而坐”ཞེས་པ་དེ།
ཚང་མས། “དེ་རིང་གི་འཇལ་འཛོམས་འདི་ནི་སྟེས་དབང་དུ་བྱུང་བ་ཅིག་གཏན་ནས་མིན་པས་ཨ་ཇོ་རྒན་པོ་ཁྱེད་གྲལ་འགོར་བཞུག་རོགས”ཞེས་བཤད། ཅེས་དང་གཞན་ཡང་།
②“比得芥菜子大小的官职,直得恁地呈能。”ཞེས་པ་དེ།
དཔོན་གནས་འབྲུ་རྡོག་གཅིག་ལ་ཤུགས་ངོམ་འབོ་གང་བྱེད་རིན་ཅི་ཡོད། ཅེས་དང་། ད་དུང་།
③没半碗饭时,只见远远地一个汉子,挑着一副担桶,唱上岗子来。ཞེས་པ་དེ།
དེ་ནས་ཇ་ཕོར་ཕྱེད་ཙམ་འཐུང་བའི་ཡུན་ལས་མ་སོང་བར་ཐག་རིང་ནས་སྐྱེས་པ་གཅིག་གིས་ཟོམ་གཉིས་ཕྲག་ཏུ་བརྒྱབ་སྟེ་……ཞེས།
དེ་དག་ལས་དཔེར་བརྗོད①②③གྱི“正面而坐”“芥菜子”“半碗饭”ཞེས་པ་དེ་དག་བོད་ཡིག་ཏུ་ཐད་ཀར་“ཁ་སྤྲོད་དུ་བཞུགས”ཞེས་པ་དང་། “སྐེ་ཚེའི་འབྲུ” “ཟ་མ་ཕོར་ཕྱེད་ཀྱི་ཡུན”སོགས་སུ་བསྒྱུར་ན་བརྗོད་དོན་གསལ་པོ་སྟོན་མི་ཐུབ་པའི་ཁར་སྐད་ཆའི་ཁྱད་ཆོས་ཉམས་ངེས་པས། སྒྱུར་པ་པོས་མ་ཡིག་གི་ཚིག་ངོས་ཀྱི་སྦྱོར་བ་ཁོ་ནར་མ་བསྟུན་པར་བོད་སྐད་ཀྱི་འགྲོ་ལུགས་ལྟར་གང་ལ་གང་བསྟུན་གྱིས“གྲལ་འགོ”དང“འབྲུ་རྡོག”“ཇ་ཕོར་ཕྱེད”ཅེས་བོད་སྐད་ཁྲོད་རྒྱུན་དུ་སྤྱོད་པའི་ཚིག་དག་སྤྱད་པས་བརྗོད་པ་ཉམས་དོད་ཅིང་ཀློག་ཧ་ཅང་བདེ་ལ་བོད་རང་གི་བརྩམས་ཆོས་ཡིན་པ་ལྟ་བུའི་སྣང་བ་ཞིག་འཆར་ཐུབ་ཀྱི་ཡོད།
གཉིས། མ་ཡིག་གི་རྩོམ་ཉམས་འདོན་ཕྱིར་ཐད་སྒྱུར་བདམས་ལེགས་བྱུང་བ།
བརྩམས་སྒྲུང་ཞིག་གི་རྩོམ་ཉམས་ནི་རྩོམ་གྱི་ཐོག་མཐའ་བར་གསུམ་དུ་གནས་པའི་རྩོམ་པ་པོའི་བསམ་བློའི་ཁྱེར་བཟོའམ་ཉམས་འགྱུར་ཞིག་དང་། དུས་རབས་དེའི་ཁྱད་ཆོས་ཡང་མཚོན་པས་ཐད་ཀར་སྒྱུར་བ་ནི་མ་ཡིག་གི་རིན་ཐང་ཐད་ཀར་མངོན་ཐུབ་པའི་ཐབས་མཆོག་ཅིག་ཡིན། འབུལ་རྟེན་ཐབས་ཀྱིས་བླངས་པའི་སྐོར་གྱི་དུམ་བུ་འདི་དཔེར་བྱས་པའི་ཆུ་ངོགས་གཏམ་རྒྱུད་ཧྲིལ་པོར་ཡང་ཡིག་སྒྱུར་མཁན་པོ་གོང་མ་རྣམས་ཀྱིས་ཐད་སྒྱུར་སྤྱད་པའི་དགོས་པའང་དེར་ཐུག་འདུག་པས་གཤམ་དུ་དཔེར་བརྗོད་དང་བཅས་ནས་བཤད་པ་ལ།
དཔེར་ན།
①赤日炎炎似火烧,野田禾稻半枯焦。农夫心内如汤煮,公子王孙把扇摇。
ཉི་མ་མེ་ལྟར་ཚ་བ་ཡིས། སྔོ་ལྗང་ལོ་ཏོག་འཚིག་ནས་བསྐམས། ཞིང་པའི་སེམས་ནི་ཆུ་ལྟར་འཁོལ། སྲས་དང་རྒྱལ་པོས་རླུང་གཡབ་གཡོབ། ཅེས་པ།
གོང་གི་དཔེར་བརྗོད་འདིའི་ཚིག་བཅད་དུམ་བུ་འདི་ནི་མ་ཡིག་གི་རྣམ་པ་དང་ནང་དོན་གཉིས་ཀྱི་ཆ་ནས་མཚུངས་པ་སྟེ་མ་ཡིག་གི་ཚིག་རྐང་རེ་རེའི་འབྲུ་དོན་བུ་ཡིག་ཏུ་མཚོན་པར་བྱས་ཡོད་པ་དང་། ནང་དོན་ཐད་མ་ཡིག་གི་དཔོན་རིགས་ཀྱི་རྒྱས་སྤྲོས་ལོངས་སྤྱོད་དང་མི་སེར་གྱིས་ལྟོ་གོས་ཕྲན་བུའི་དོན་དུ་ཚ་བ་ཆེ་དུས་སུའང་ལམ་དུ་མི་འགྲོ་ཀ་མེད་བྱུང་བའི་རྣམ་པ་དེ་གཉིས་ཀྱི་ཁྱད་པར་འགྱུར་ཡིག་ཏུ་ཇི་བཞིན་མཚོན་ཡོད་དོ།
གོང་གི་དཔེར་བརྗོད་དེ་དག་ནི་གཅིག་ནས་མ་ཡིག་གི་བཅད་ལྷུག་སྤེལ་མའི་རྩོམ་ཉམས་རང་སོར་གནས་ཐུབ་པ་དང་སྐབས་དེའི་དུས་རབས་ཀྱི་ཁྱད་ཆོས། རྩོམ་པ་པོའི་རྩོམ་འབྲིའི་ཁྱད་ཆོས་སོགས་གསལ་པོར་མངོན་ཐུབ་པ་བྱུང་ཡོད་པ་དང་། གཉིས་ནས་རྒྱ་རིགས་ཀྱི་རྩོམ་འབྲིའི་ཁྱད་ཆོས་ལ་སློབ་སྤྱོང་བྱེད་པ་དང་མི་རིགས་གཉིས་ཀྱི་སྐད་ཆའི་ཐུན་མོང་གི་ཆ་ཤས་རྟོགས་ཐུབ་པར་ཕན་པ་ཆེན་པོ་བྱུང་ཡོད།
གསུམ། མ་ཡིག་གི་གོ་བ་འདྲོང་པོ་ཡོང་ཕྱིར་སྒྲ་དོན་འདྲེས་སྒྱུར་བཀོལ་བའི་ཁྱད་ཆོས།
སྤྱིར་རྒྱ་བོད་མི་རིགས་གཉིས་ཀྱི་ས་མིང་དང་ཡུལ་མིང་། མིའི་མིང་སོགས་སྒྱུར་ཐབས་ཀྱི་གནད་དོན་དེ་ཐག་གཅོད་ལེགས་པོ་མ་བྱུང་ཚེ་འགྱུར་མའི་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་པས། མ་ཡིག་ཁྲོད་ཀྱི་རྗེས་སྒྲུབ་ཀྱི་མིང་མང་པོ་ཞིག་སྒྱུར་སྐབས་ཐད་སྒྱུར་དྲགས་ན་གོ་བ་ལེན་དཀའ་བ་དང་དོན་སྒྱུར་ཐལ་ན་གོ་བ་ལོག་པར་འགྲོ་ཉེན་ཆེ་བས། ཡིག་སྒྱུར་བ་རྣམས་ཀྱིས་ཁྱད་གཞི་སྒྲ་རང་སོར་བཞག་པ་དང་ཁྱད་ཆོས་དོན་སྒྱུར་བྱས་པས་མི་དང་ས་ཆ་སོགས་ཀྱི་མིང་ཇི་བཞིན་ཐོན་པའི་ཐོག་དེ་དག་གི་ཁྱད་ཆོས་མི་འདྲ་བ་རྣམས་ཀྱང་གསོན་ཉམས་དོད་པོས་མཚོན་ཡོད་པ་ནི་གཤམ་གསལ་དཔེར་བརྗོད་ལས་མཐོང་ཐུབ་སྟེ།
མིའི་མིང་བསྒྱུར་བ་ལ་དཔེར་ན།
①青面兽杨志、白日鼠白胜、智多星吴用、入云龙公孙胜ཞེས་པ་དེ་དག་ནི། གཅན་གཟན་གདོང་ནག་ཡང་ཀྲི་དང་། ཉིན་མོའི་བྱི་བ་པེ་ཧྲེང་། ཤེས་རབ་ཐོགས་མེད་ཝུ་ཡུང་། སྤྲིན་བཞོན་གཡུ་འབྲུག་ཀུང་སུན་ཧྲེང་སོགས་སུ་བསྒྱུར་བས་མ་ཡིག་ཁྲོད་ཀྱི་མི་སྣ་དེ་རྣམས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཐུབ་པའི་ཁར་མིང་ངེས་བདེ་པོ་བྱུང་ཡོད།
གཞན་ཡང་ས་མིང་བསྒྱུར་བ་དཔེར་ན།
②北京大名府;石碣村ཞེས་པ། པེ་ཅིང་ཏ་མིང་ཧྥུའི་སྲིད་གཞུང་། ཧྲི་ཅེ་གྲོང་ཚོ། ཞེས་དང་།
གོ་གནས་ཀྱི་མིང་བསྒྱུར་བ་ལ་དཔེར་ན།
③梁中书;谢都管;杨志提辖;ཞེས་པ་དེ་དག་ནི། སྤྱི་ཁྱབ་པ་ལེང་། ནང་གཉེར་ཤད། བདེ་སྲུང་འགོ་དཔོན་ཡང་ཀྲི་ཞེས་པ་སོགས་སྒྲ་དོན་འདྲེས་མར་བསྒྱུར་བས་ངག་ནས་བརྗོད་བདེ་བའི་ཐོག་གོ་སླ་བའི་དགེ་མཚན་ཐོན་པ་སྒྲ་དོན་འདྲེས་མའི་ཐབས་དེ་ཤིན་ཏུ་ལེགས་པར་བཀོལ་ཡོད་དོ།
བཞི། བུ་ཡིག་ལ་ཁ་སྐད་ཀྱི་སྐད་གཤིས་བཀོལ་ལེགས་པོ་བྱུང་བ།
ཚ་གདུང་འཇོམས་པར་བྱས་ན་ཅི་མ་རུང་། ཞེས་སུ་བསྒྱུར་བའི་ཚིགས་བཅད་དེ་དཔེ་རྒྱན་གྱི་རྣམ་པར་སྒྱུར་ཅིང་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཐོག་མ་ཡིག་གི“祝融”དང“阳侯”ཞེས་པ་དེ་རྒྱའི་དམངས་ཁྲོད་དུ་ཤོད་རྒྱུན་ཡོད་པའི་ཆུ་ལྷ་དང་མེ་ལྷ་ཞིག་ཡིན། འོན་ཀྱང་བོད་ལ་དེ་ལྟ་བུའི་ཤོད་སྲོལ་མེད་པས་ཐད་ཀར་ཀྲུའུ་རུང་དང་ཡང་ཧོ་ཞེས་བསྒྱུར་ན་རིག་གནས་དེའི་རྒྱབ་ལྗོངས་ལ་རྒྱུས་མངའ་ངེས་ཅན་ཞིག་མེད་ན། རྟོགས་མི་ཐུབ་པས་ཆེད་དུ་ཁག་སོ་སོར་ཀྲུའུ་རུང་མེ་ལྷ་དང་ཆུ་ལྷ་ཡང་ཧོ་ཞེས་སྣོན་བསྒྱུར་བྱས་ཏེ་ཚིག་གི་སྙན་ཆ་མ་ཉམས་པའི་ཐོག་གོ་བདེ་བར་བྱས་ཡོད།
གོང་སྨོས་ཀྱི་འབུལ་རྟེན་ཐབས་ཀྱིས་བླངས་པའི་སྐོར་གྱི་དུམ་བུ་དེ་ཙམ་མ་ཡིན་པར《ཆུ་ངོགས་གཏམ་རྒྱུད》ཀྱི་ལེའུ་རེ་རེ་དང་ཤོག་ངོས་རེ་རེའི་ནང་དུ་དེ་དང་དེ་འདྲ་བའི་སྒྱུར་ཐབས་སྣ་ཚོགས་གཞི་གཅིག་ཏུ་འདུས་པའི་མིང་མཛོད་ཆེན་པོ་ཞིག་དང་འདྲ་བར་ནང་དོན་དང་། རྣམ་པ་གཉིས་ཀའི་ཐད་གཞུང་ལས་གསུངས་པའི་མ་ཡིག་དང་མཐུན་ཅིང་། བོད་མི་རང་གི་གོ་བདེ་བར་བྱུང་ཡོད། དེ་ཡང་དོན་སྒྱུར་དང་ཐད་སྒྱུར། སྣོན་འཕྲི་བསྣོར་སོགས་གང་བདེར་སྤྱད་པས་བོད་མིའི་སྐད་ཆའི་སྦྱོར་བ་དང་མཐུན་ཅིང་། ཡུལ་གོམས་གཤིས་ལུགས་དང་ཡང་མཐུན་པ་སོགས་སྒྱུར་རྩལ་གྱིས་ཡིད་བརྟན་དབང་མེད་དུ་འཕྲོག་པར་བྱས་ཡོད། 《ཆུ་ངོགས་གཏམ་རྒྱུད》བོད་འགྱུར་མ་ལྟ་བུའི་འགྱུར་རྩོམ་སྤུས་མ་འདི་འདྲ་དུས་ནམ་ཡང་འགྱུར་གྱི་མིག་དཔེར་འོས་ཏེ། ཡིག་སྒྱུར་བྱ་བའི་འགན་ཁྲི་ལྕི་མོ་ཕྲག་ཏུ་བླངས་ནས། དུས་རབས་ཀྱི་འགྲོས་དང་མཐུན་པའི་ཡིག་སྒྱུར་གྱི་བསམ་གཞིག་གསར་པ་ཞིག་ཀྱང་བྱེད་དགོས་ངེས་སོ།།
(བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས། བདེ་སྐྱིད་དབང་མོ)
འབྲེལ་ཡོད་གསར་འགྱུར།