ཁྱེད་དང་ལྷན་དུ་འགྲོགས་པའི་ལོ་ཟླ།
—— བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ།
མི་ཞིག་གི་མི་ཚེའི་བརྒྱུད་རིམ་ནང་། རིན་ཐང་ལྡན་པའི་ལས་འཕྲོའི་རྟེན་འབྲེལ་མང་དག་ཅིག་ནི་མངོན་མེད་སྣང་ཆུང་དུ་སོང་བའི་མཇལ་འཛོམས་ནང་འབྱུང་བཞིན་ཡོད། གུས་པར་མཚོན་ན་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཉམ་འགྲོགས་བྱུང་བ་ནི་དེ་རང་ལས་མ་འདས།
ཆུང་དུས་ཤང་གི་གཞུང་བཙུགས་སློབ་གྲྭར་འགྲོ་དུས། བོད་ཡིག་རྒན་ལགས་ཀྱིས་སྤྱན་ཤེལ་ཇ་ཁུ་མདོག་ཅིག་བསྐྱོན་ནས་ཉི་ཁུག་ཏུ་བློ་རྩེ་གཅིག་སྒྲིམ་གྱིས་ཚགས་པར་གཟིགས་ཀྱི་ཡོད། དེ་དུས་ཕྲན་རང་ཧ་གོ་དོན་རྟོགས་མི་ཆོད་པའི་བྱིས་པ་པྲ་ཚགས་ཤིག་ཡིན་པས། རྩེད་མོའི་སྣང་བ་ཁོ་ནར་མགོ་འཁོར་ནས་རྒན་ལགས་ཀྱིས་གཟིགས་བཞིན་པའི་ཚགས་པར་ལ་དོ་སྣང་མ་བྱུང་། ཐ་མ་དོ་སྣང་ཕྲན་བུ་བྱུང་བའི་དབང་དུ་བཏང་རུང་པར་སྙིང་རྗེ་པོ་དང་ཡི་གེ་དམར་པོ་ཡོད་སར་མིག་མྱུལ་རེ་རྒྱག་པ་ལས། ཡིག་འབྲུ་རེ་རེ་བཞིན་མགྱོགས་པར་བཀླགས་ནས་གོ་བ་ལེན་པའི་ནུས་པ་ཞིག་ག་ལ་ཡོད། དེ་ནི་ཁོ་བོའི་བྱིས་དུས་ཀྱི་དྲན་པའི་ཁྲོད་དུ་ལུས་པའི་དང་ཐོག་མའི་ཚཊ་པར་གྱི་བག་ཆགས་ཙམ་ཞིག་ཡིན།
དེ་ནས་རིམ་གྱིས་འཚར་ལོངས་བྱུང་ནས་སློབ་འབྲིང་འགྲིམ་སྐབས། ཨ་ན་ཨུ་ཚུགས་ཀྱིས་པཱ་ལགས་ཀྱི་རྗེས་སུ་འབྲངས་ནས་གྲོང་ཚོའི་ཚོགས་ཁང་དུ་འགྲོ་མྱོང་། གྲོང་དཔོན་གྱིས་ནམ་རྒྱུན་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་ཚོགས་འདུ་འཚོག་སྐབས་སྤམ་བཟོ་དོད་པོས་ལག་ཏུ་ཚགས་པར་རེ་ཁྱེར་ཏེ་སྐད་སྦོམ་པོས་སྒྲོག་སྦྱངས་གནང་གི་ཡོད་པས། ངེད་ཚོས་ཀྱང་དགོད་བྲོ་བའི་ཚུལ་དུ་གྲོང་དཔོན་གྱི་ཕྱག་རྒྱར་ལད་ཟློས་ཀྱིས་ཡང་ཡང་ངག་ནས་སྐྱོར་བཞིན་ཡོད། དེ་དུས་ངག་སྐྱོར་སྟབས་བདེ་དེས་གང་ལྟར་ཡང་གྲོང་ཚོའི་སྲིད་ཇུས་དྲིལ་བསྒྲགས་ཀྱི་གོ་ཆོད་ཀྱི་ཡོད། དེའི་སྐབས་ལག་ཐོགས་ཁ་པར་ཞེས་བྱ་བའི་དེང་གི་ཆ་འཕྲིན་ཡོ་བྱད་བརྒྱ་གོ་གཅིག་ཆོད་འདི་གཞི་ནས་ཐོན་རྒྱུ་ཡིན་པས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་དཔར་མ་དེ་ཁོ་ན་ཉིད་བོད་ཀྱི་གཞི་རིམ་དུ་ཁྱབ་རྒྱ་ཆེ་བ་དང་། སྲིད་ཇུས་དྲིལ་བསྒྲགས་ལ་མཁོ་བའི་ནང་དོན་ཡང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་དཔར་མ་ནས་བདམས་ཏེ་བརྒྱུད་བསྒྲགས་བྱེད་ཀྱི་ཡོད།
དགེ་བའི་བཤེས་གཉེན་བཟང་པོའི་སློབ་ཁྲིད་དང་ནང་མི་སྤུན་མཆེད་ཀྱི་ལྕག་སྐུལ་འོག གུས་པས་དམའ་རིམ་སློབ་འབྲིང་ནས་མཐོ་རིམ་སློབ་འབྲིང་ལ་ཡིག་རྒྱུགས་བདེ་བླག་འཕྲོད་པ་མ་ཟད། སློབ་མ་ཀུན་གྱིས་ཡིད་སྨོན་བྱེད་སའི་ཤེས་རིག་གི་ལྡིང་ཁང་སྟེ། ལྷ་ས་སློབ་འབྲིང་གི་པད་རྫིང་གི་ངོགས་སུ་སློབ་གཉེར་གྱི་རྐྱལ་རྩལ་སྦྱོང་བའི་སྐལ་བ་མི་དམན་པ་ཐོབ། སྐབས་དེ་དུས། གུས་པས་གཞི་ནས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་ངོས་སུ་འཚོ་བའི་བར་མཐོངས་དང་། སྤེན་སྐྱིད་དགའ་ཚལ། རྩོམ་རིག་དགའ་ཚལ་སོགས་ཀྱི་ལེ་ཚན་བཏོད་ཡོད་པ་དོ་སྣང་བྱུང་བ་དང་། དེ་ལས་རྒྱ་ཆེའི་ཀློག་པ་པོ་དང་རྩོམ་འབྲི་བར་སྨྱུག་རྩལ་ངོམ་སའི་བར་མཐོངས་ཆེན་པོ་ཞིག་བསྐྲུན་པ་མཐོང་བས། གུས་པས་ཀྱང་མ་སྐུལ་དང་བླངས་སྒོས་གཞན་གྱིས་བྲིས་པའི་རྩོམ་ལ་ལད་མོ་བགྱིས་ཏེ། རྩོམ་ཐུང་ཡིན་ལ་མིན་ལ་མི་ཉུང་བ་ཞིག་བྲིས་པ་དང་། མི་རིང་བར་ལྷ་ས་སློབ་འབྲིང་ནང་ཁུལ་གྱི་བོད་ཡིག་དུས་དེབ་གཅིག་པུ་སྟེ། 《དཔྱིད་ཀྱི་མྱུ་གུ》ཞེས་པར་རྩོམ་ཐུང་ཞིག་སྤེལ་ཐུབ་བྱུང་། ང་ཚོའི་འཛིན་གྲྭའི་བོད་ཡིག་རྒན་ལགས་ཀྱིས་ཀྱང་མུ་མཐུད་རྩོམ་ཡིག་འབྲི་དགོས་པའི་སྐུལ་མ་གནང་ནའང་། གཅིག་ནས་སློབ་མཇུག་ཡིག་རྒྱུགས་གཏོང་བའི་དུས་ལ་འཁེལ་བས་བསྐྱར་སྦྱོང་གི་གྲ་སྒྲིག་བྱེད་དགོས་པ་དང་། གཉིས་ནས་རིང་མིན་ཛ་དྲག་ཆེ་བའི་མཐོ་རྒྱུགས་ལ་ཞུགས་དགོས་རྐྱེན། ཤེས་བྱའི་གནས་མང་པོ་དང་སྤྱི་འགྲོས་མང་དག་ངག་ལ་ཟིན་དགོས་ཁར་དྲི་གཞི་འབོར་ཆེན་སྦྱོང་བརྡར་སྤྲོས་དགོས་པས་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་ཁོམ་དུས་ཤིག་མ་བྱུང་།
མི་ཚེ་འདིར་རང་གི་དགའ་ཕྱོགས་དང་བརྩི་དད་དུ་གྱུར་པའི་བོད་ཡིག་གི་ཆེད་ལས་བདམས་ནས་བོད་སྐད་ཡིག་གི་འབྲེལ་ཡོད་ཤེས་བྱ་ཞིབ་པར་སྦྱོང་སྐལ་མ་བྱུང་ཡང་། སློབ་གསེང་ལ་ཁོམ་པ་བྱུང་རིམ་བཞིན་བོད་ཡིག་གི་དཔེ་དེབ་མི་ཉུང་བ་ཞིག་སྐོམ་པ་ཆུ་འདོད་བཞིན་བཀླགས་པ་དང་། སྒྲུང་དེབ་མི་རོ་རྩེ་སྒྲུང་དང་། འགྱུར་དེབ་མཚན་ཞག་སྟོང་གི་གཏམ་རྒྱུད་སོགས་ཡང་ནས་བསྐྱར་དུ་མགོ་མཇུག་འཁྱོངས་པར་བལྟས་པས། ཆུང་དུས་ཨ་མས་ཉལ་ཁར་གསུངས་པའི་སྒྲུང་དང་ངོ་འཕྲོད་པ་ལྟ་བུ་ཡང་བྱུང་བ་དང་། སྔོན་ཆད་དོ་སྣང་མ་བྱུང་བའི་ཞག་ཚི་ཅན་གྱི་ཐ་སྙད་རྙིང་པ་དག་ལ་གོ་བ་གསར་པ་རེ་ལོན། དེ་བཞིན་དགའ་སྡུག་ལེགས་ཉེས་ཀྱི་གནས་ལུགས་རྒྱུ་མཚན་དང་། བདེན་རྫུན་སིམ་འདྲེས་ཀྱི་སྤྱི་ཚོགས་ཁོར་ཡུག རིག་གནས་དང་ཡུལ་སྲོལ་མི་འདྲ་བའི་ཐུན་མིན་ཁྱད་ཆོས། རྒྱུན་འཁྱོངས་དང་བརྩོན་འགྲུས་ཀྱི་སྟོབས་ཤུགས། འདོད་རྔམ་དང་ཆོག་ཤེས་ཀྱི་མཚམས་ཚོད་འཛིན་སྟངས་སོགས་ལ་བློ་སྐྱེད་མི་དམན་པ་ཐོབ། ལྷག་པར་དུ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་རིག་དགའ་ཚལ་གྱི་པར་ངོས་སུ། གནངས་འཆར་གཞེས་འཆར་ལ་རྒན་རིན་སྤུངས་བསོད་ནམས་ལགས་ཀྱི་སྙན་ངག་དང་། རྒན་བུ་ཚེ་རིང་རྒན་པ་ལགས་ཀྱི་ལྷུག་རྩོམ་མུ་འགོད་གནང་གི་ཡོད་པས། ཁོང་རྣམ་པའི་སྨྱུག་རྩལ་དང་འཆར་ཡན་རྟོག་བཟོའི་རྩོམ་རྩལ་ལ་ཡིད་སྨོན་ཆེན་པོ་སྐྱེས་ཤིང་། རྒན་ལགས་ཁོང་རྣམ་པའི་སྙན་རྩོམ་འབྲི་སྟངས་ཀྱི་ཤུགས་རྐྱེན་བཟང་པོ་ཕྲ་ལ་ཕྲན་བུ་ཐེབས་པར་བརྟེན་ནས། ཁོ་བོའི་རྩོམ་འབྲིའི་ཚིག་རྒྱན་སྤྲོས་སྟངས་དང་། བརྗོད་པ་སྔ་ཕྱིའི་འགྲོས་ལ་བསྟུན་སྟངས་སོགས་ཀྱི་ཐད་ལ་ངང་ངམ་ཤུགས་སུ་ཡར་རྒྱས་བྱུང་ཚུལ་དུས་ད་ལྟའང་གསལ་པོར་དྲན་གྱི་འདུག ཡིན་ནའང་། སློབ་ཆེན་འགྲིམ་པའི་དུས་ཁོམ་ཕལ་ཆེ་བ་ལེ་ལོ་རྣམ་གཡེང་གི་དབང་དུ་སོང་བས་རྩོམ་འབྲིའི་རྒྱུན་མུ་མཐུད་སྐྱོང་མ་ཐུབ་པ་དང་། རྩོམ་འབྲིའི་ནུས་པ་མཐོ་འབྲིང་སློབ་མའི་ཆུ་ཚད་ཙམ་ལ་འཕེལ་མེད་རང་སོར་ལུས་པ་ནི་ངོ་མ་ངོ་གནོང་དགོས་པ་ཞིག་ལགས།
དུས་ཚོད་ནི་ཟོ་ཆུན་འཁོར་ལོ་བཞིན་འགོག་མེད་མདུན་དུ་འཁོར་བ་དང་བསྟུན་ནས། ད་ཆ་ཕྲན་རང་གནམ་འདེགས་ས་གནོན་ཐུབ་པའི་ཕོ་ཁྱོ་ག་ཞིག་ཏུ་འཚར་བ་དང་། ཁྱིམ་ཐབ་བཟུང་བའི་མི་ཚང་གི་ཨ་ཕ་ཞིག་གི་ངོས་ནས། བཟའ་མི་བུ་ཕྲུག་མགོ་འདོན་འཚོ་སྐྱོང་གི་འགན་འཁྲི་ཁུར་དགོས་ཁར། ལས་ཁུངས་ཀྱི་ཉིན་རེའི་འཆར་ཅན་གྱི་ལས་ཀ་ཡང་ཁ་ཆག་སྣ་རལ་མེད་པར་སྒྲུབ་དགོས་པ་སྨོས་མེད་ཐོག ནང་ལས་ཙག་ཙིག་དག་ཀྱང་ཆད་ལུས་འཐུས་ཤོར་མེད་པར་སྒྲུབ་དགོས། ཟིན་པ་མེད་པའི་ཟང་ཟིང་གི་བྱ་བའི་ཁྲོད་བསམ་བློ་གཏོང་དགོས་སའི་གནད་མང་བས་སེམས་ནུས་ཆིག་སྒྲིལ་མི་ཐུབ་པར་བྱེ་མའི་འཆང་བུ་བཞིན་སོར་མོའི་བར་སྲུབ་ནས་གང་སར་ཤོར། རང་ལ་དབང་བའི་དུས་ཚོད་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་མ་ཟད། ལྷག་དོན་དུ་སེམས་པ་རྣལ་དུ་ཕབ་ནས་ལྷོད་ལྷོད་ངང་རྩོམ་ཡིག་འབྲི་བའི་ཁོམ་པ་ཧ་ལམ་མི་རག་པས། ཞེ་གཏིང་ནས་སུན་སྣང་ཞིག་སྐྱེས་ཏེ་དབང་མེད་དུ་རང་གིས་རང་ལ་འཁང་ར་བྱེད་པར་ཐལ། བྲེལ་ཟིང་ཆེ་བའི་འཚོ་བའི་བར་གསེང་ལ་དགའ་སྐྱོ་ཆགས་སྡང་ཡིག་ཐོག་ཏུ་འགོད་པའི་གོམས་གཤིས་མེད་ནའང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་དཔར་མ་ལྟ་ཀློག་གི་རྒྱུན་བསྐྱངས་པའི་དྲིན་ལས་ད་ཆ་དཔེ་དེབ་སྣ་ཟིན་སྤུ་ཟིན་ལྟ་བའི་གོམས་གཤིས་ཅུང་ལེགས་ཙམ་ཞིག་འཇགས་པ་འདིས། བདག་ལ་དབེན་འཇམ་གྱི་མཁའ་དབུགས་གཙང་མ་ཞིག་བསྩལ་བ་མ་ཟད། ཡུལ་ཡུལ་པོའི་སྣང་བའང་རང་དགར་ཞི་འགྲོ་བས། དེ་ནི་མི་ཚེའི་དགའ་སྐྱོ་འདྲེས་མའི་ཐང་ཆེན་ཡངས་མོ་བརྒལ་དུས་ཀྱི་ལམ་རྒྱགས་སམ་སྐོམ་ཆང་། ཡང་ན་ཆར་ཟིམ་ཇི་བཞིན་ཡུན་རིང་ཐན་པས་གདུངས་པའི་ལུས་སེམས་ཀྱི་སྐོམ་གདུང་མ་ལུས་སེལ་ཞིང་དབུགས་དབྱུང་བའི་གོ་སྐབས་འབྱིན་པར་བྱེད།
བོད་ལྗོངས་ཉིན་རེའི་ཚགས་པར་དང་ང་རང་བྱིས་པ་ཡིན་དུས་ནས་ལྷན་དུ་གཤིབ་པས་ངའི་བྱིས་དུས་ཀྱི་དྲན་ངོར་གཟིམས་ཤིང་། སློབ་གཉེར་གྱི་ལམ་བུར་སྐྱོད་དུས་གྲག་འགུལ་མེད་པར་སྔ་ཕྱི་བར་གསུམ་དུ་ང་དང་འགྲོགས་ཏེ་ལྷན་དུ་འཚར་ལོངས་བྱུང་། ད་ཆ་གློག་རྡུལ་པར་གཞིའི་བོད་ལྗོངས་ཉིན་རེའི་ཚགས་པར་དང་དེ་འབྲེལ་གྱི་བོད་ཡིག་སྨྱན་སྦྱོར་དག་ལ་ལྟ་བའི་གོ་སྐབས་སྔར་ལས་མང་བར་གྱུར། བོད་ལྗོངས་ཉིན་རེའི་ཚགས་པར་ནི་གུས་པའི་ལྟ་ཀློག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན་ལ་རྩོམ་འབྲིའི་ལམ་སྟོན་གྱི་སྒྲོན་མེ་ཡིན། གུས་པས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཡི་གེའི་སྟོབས་ཤུགས་མཐོང་བྱུང་ལ། མངོན་མིན་རིག་གནས་ཤུལ་བཞག་མ་ཉམས་རྒྱུན་འཛིན་དང་དུས་བསྟུན་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་ཀྱང་མཐོང་བྱུང་། གུས་པའི་ཤ་གསེང་རུས་གསེང་དུ་ཐིམ་པའི་ལས་འཕྲོ་དང་རྟེན་འབྲེལ་དེ་དག་མི་ཚེའི་ལམ་བུའི་ཕྱོགས་སྟོན་འཁོར་ལོར་གྱུར་ནས། མུ་མཐུད་དེ་ལྟ་ཀློག་དང་རྩོམ་འབྲིའི་དད་ཞེན་དང་བརྩོན་པ་རྒྱུན་མ་ཆད་པར་བསྐྱངས་ཏེ་དཔེ་དེབ་ཀྱི་ཞིང་ཁམས་ལས་སྔར་བས་ལེགས་པའི་རང་ཉིད་དང་མཇལ་འཛོམས་ཐུབ་པའི་རེ་སྨོན་འཆང་བཞིན་ཡོད་ལ། མཚམས་འདི་ནས་གུས་པས་བོད་ལྗོངས་ཉིན་རེའི་ཚགས་པར་སྔར་ལས་དར་ཞིང་རྒྱས་པའི་སྨོན་འདུན་ཡང་ཡང་ཞུ།
འབྲེལ་ཡོད་གསར་འགྱུར།