དཔྱིད་ཀ
ཟླ་བ་བཅུ་པ་དང་བསྡུར་ན་ད་ནི་ཉི་མ་ཧ་ཅང་རིང་འདུག
གནམ་གཤིས་ཇེ་དྲོར་ཕྱིན་ཏེ་ས་གཞི་ལའང་དྲོད་འཕེལ།
མཆོང་རི་སྨུག་པོར་འཁྱུད་པའི་དཀར་གཙང་གི་འཁྱག་རོམ་དག་ཀྱང་།
རྫ་ཆུ་བསིལ་མའི་འགྲམ་ངོགས་སུ་ཆགས་པའི་དར་དང་འདྲ་བར།
རིམ་གྱིས་བཞུར་ནས་ལང་ཚོའི་ཁོ་ལག་ངོམ་ན་བསམས།
ཞིང་པ་ཚོས་ལོ་ཏོག་གི་ཆེད་དུ་རྣང་ཞིང་ལ་རྔུལ་ཆུ་གཏོར་ཞིང་།
འབྲོག་པ་ཚོས་དཀར་གསུམ་གྱི་ཕྱིར་དུ་རི་འགོ་ནས་རྫི་གླུ་ལེན།
དཔེ་ཆའི་ཤོག་ལྷེ་རེ་རེའི་ཉིན་སྲུབ་ཉུལ་བཞིན་པའི་ང་ལ།
འབྲུ་དྲུག་གི་རི་བོའི་པང་ཁར་འོ་མའི་རྒྱ་མཚོ་འཁྱིལ་བའི་འདོད་རྔམ་མེད་ཀྱང་།
རེ་སྨོན་གྱིས་གཅུད་པའི་བདག་གི་སྐྱེད་ཚལ་ཆུང་ཆུང་འདི་རུ།
རང་ཉིད་མྱུ་གུ་བཞིན་འབུས་ཤིང་མེ་ཏོག་བཞིན་ག་ལེར་ཞལ་ཁ་ཕྱེ་ན་བསམས།
སྐབས་རེར་ཆར་ཐིགས་རྡོག་བུ་འགའ་ཤས་རེ་ལྷུང་ཡོང་ཞིང་།
ལན་རེར་ཁ་བ་ཡང་ལྷབ་ལྷུབ་ཏུ་འབབ་པའི་དུས་འདིར།
ཁྱོད་རང་ཁ་བ་དང་ཆར་པའི་ཟོལ་གྱིས་བདག་གི་གཞིས་ཀར་འབབ་མི་ཡོང་མོད།
ལུས་སེམས་ཅུང་ཉོབ་པའི་དུས་ཚིགས་འདི་བརྒལ་རྗེས།
འུ་གཉིས་ལ་དབྱར་ཁ་སྡོད་སའི་འཚེར་ས་གྲུ་བཞི་ཞིག་ཡོད་ན་བསམས།
འབྲེལ་ཡོད་གསར་འགྱུར།