རྒྱ་རྩིས་ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་ལ་དཔྱད་པ།
ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་མི་རིགས་ཕན་ཚུན་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་བྱུང་བ་ལས་བོད་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ཚུལ་དེ་ནི་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་གཞུང་ལུགས་གྲུབ་སྟངས་ལས་གསལ་པོར་མཐོང་ཐུབ་པ་ཞིག་ཡིན། དེ་ཡང་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་གཞུང་ནི་དུས་བརྟག་གནམ་དཔྱད་དང་། སྐར་རྩིས། འབྱུང་རྩིས། རྒྱ་རྩིས་སོགས་རྩིས་སྣ་མང་པོ་ལས་གྲུབ་ཅིང་། རྩིས་སྣ་མང་པོའི་འབྱུང་ཁུངས་དང་དར་དུས་སོགས་མི་གཅིག་པའི་དབང་གིས་བརྡ་དང་ཐ་སྙད་ལའང་ཁྱད་པར་ཡོད། འདིར་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་དར་འཕེལ་ལོ་རྒྱུས་དང་འབྲེལ་ནས་རྒྱ་རྩིས་ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་ལ་ཅུང་ཟད་དཔྱད་པར་བྱ།
དང་པོ། ཐ་སྙད་གང་དེའི་འཁྲུལ་གཞི་མདོར་བསྟན་པ།
དེ་ཡང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། “རྒྱ་རྩིས། རྒྱ་ནག་ནས་བོད་དུ་དར་བའི་སྐར་རྩིས་དང་འབྱུང་རྩིས(汉历,从汉地传来的天文历法和五行占算等。)”ཞེས་བཀོད་ནས། རྒྱ་རྩིས་ཞེས་པའི་ཐ་སྙད་འདི་ཉིད་རྒྱ་ནག་ནས་བོད་དུ་དར་བའི་སྐར་རྩིས་དང་ནག་རྩིས་ཀྱི་སྤྱི་མིང་ཞིག་ཏུ་ངོས་འཛིན་བྱས་འདུག མ་གཞི་རྒྱ་རྩིས་ཞེས་པའི་ཐ་སྙད་དེར་ཚིག་ངོས་རྐྱང་པའི་ཆ་ནས་གོ་བ་བླངས་ན་གོང་གི་ནང་དོན་དེ་ལྟ་བུ་ཞིག་ལྡན་མོད། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ། མི་རིགས་ཕན་ཚུན་དབར་གྱི་ཆབ་དཔལ་རིག་གསུམ་གྱི་སྤེལ་རེས་ལས་ཐོན་པའི་ཐ་སྙད་མང་པོ་ནི་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དངོས་དང་། རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་མཉམ་དུ་འདུས་པ་ལས་གྲུབ་པ་ཡིན་གཤིས། དེ་ལྟ་བུའི་ཐ་སྙད་ལ་འགྲེལ་བརྗོད་བྱེད་སྐབས། ངེས་པར་དུ་ལོ་རྒྱུས་ཀྱི་དུས་མཚམས་དེ་ཉིད་གཞིར་བྱས་ནས་ཐ་སྙད་གང་དེས་བསྟན་པའི་རིག་གནས་ཀྱི་སྣང་ཚུལ་གསལ་བར་རྟོགས་ཐུབ་ན། ད་གཟོད་ཐ་སྙད་དེ་དག་ཕན་ཚུན་དབར་ཉ་ཉུང་མཉམ་བསྲེས་ཀྱི་འཁྲུལ་གཞི་མི་འབྱུང་བའི་དགེ་མཚན་ཡོད་པར་སེམས།
དེས་ན། བོད་ཀྱི་གནམ་རིག་སྐར་རྩིས་གཞུང་ལུགས་ཁྲོད་དུ་རྒྱུན་པར་འབྱུང་བའི་ཐ་སྙད་རྒྱ་རྩིས་ཞེས་པར་གོང་གི་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་འགྲེལ་བ་བཞིན་དུ་གོ་བ་བླངས་ན་ཅུང་ཟད་མི་འཐད་པར་མཐོང་སྟེ། གཅིག་ནས་འབྱུང་རྩིས་ཞེས་པའི་རྩིས་ལུགས་དེ་རྒྱ་ནག་ནས་བོད་དུ་དར་བའི་དུས་ནི་སྤྱི་ལོའི་དུས་རབས་བདུན་པ་ཙམ་ནས་འགོ་ཚུགས་པ་ཡིན་ཞིང་། རྒྱ་རྩིས་ཞེས་པའི་ཐ་སྙད་ནི་དུས་རབས་བཅོ་བརྒྱད་པའི་སྐབས་སུ་གཞི་ནས་དར་བ་ཞིག་ཡིན་པས། གཅིག་ནས་ཐ་སྙད་དེ་གཉིས་བྱུང་བའི་དུས་ལ་བར་ཁྱད་ཤིན་ཏུ་ཆེན་པོ་ཡོད་པ་དང་། གཉིས་ནས་འབྱུང་རྩིས་ནི་རྨོངས་དད་ཀྱི་ཆ་དང་ལྡན་པའི་རྩིས་ལུགས་ཤིག་ཡིན་པ་དང་། རྒྱ་རྩིས་ནི་ཚན་རིག་གི་ཆ་དང་ལྡན་པའི་སྐར་རྩིས་ལ་གོ་བས་ངོ་བོའི་ཐོག་ནས་འགལ་བར་སོང་ཡོད་དེ། ཧོང་མིན་ཤིན་དང་ཁྲེན་ཅིའུ་ཅིན་གྱིས་བརྩམས་གནང་བའི《བོད་བརྒྱུད་དུས་ཚད་རྩིས་ཀྱི་འགོ་ཁུངས་བརྗོད་པ》ཞེས་པར“རྒྱ་རྩིས་དང་ནག་རྩིས་གཉིས་ངོ་བོ་རྩ་བ་ནས་མི་འདྲ་ཡང་། མི་ཁ་ཤས་ཀྱིས་དེ་གཉིས་ཉ་ཉུང་མཉམ་བསྲེས་བྱས་ནས་གླེང་སྟེ། ཚང་མར‘汉历’ཞེས་སུ་བསྒྱུར་བ་ནི་མི་འགྲིག་པ་ཡིན”ཞེས་གསུངས་པ་ལས་དེ་དོན་གསལ་བར་རྟོགས་ནུས།
གཉིས་པ། ཐ་སྙད་གང་དེའི་འཇུག་ཡུལ་ཟབ་པར་བསྟན་པ།
དེ་ཡང་། བོད་ཀྱི་གནམ་རིག་སྐར་རྩིས་གཞུང་ལུགས་ཁྲོད་ཀྱི་རྒྱ་རྩིས་ཞེས་པའི་ཐ་སྙད་དེ་ནི་སྤྱིར་ན་ཆིང་རྒྱལ་རབས་སྐབས་བོད་དུ་བསྒྱུར་བའི་རྩིས་གཞུང་གི་ཕྱི་མོ་སྟེ། རྒྱ་སྐད་དུ“时宪历”ཞེས་པ་དེ་ཡིན་ཞིང་། “时”ཞེས་པ་དུས་ཀྱི་དོན་སྟོན་པ་དང་། “宪”ཞེས་པ་ཚད་མར་འཛིན་པ་ལ་འཇུག་པས། “གནམ་གྱི་དུས་ཚད་མར་བཟུང་སྟེ་འབངས་སྐྱོང་བའི་དོན་ཡིན་གཤིས། དོན་སྒྱུར་བྱས་ན་དུས་ཚད་ཀྱི་རྩིས་ཞེས་ཐོབ་པར་གསུངས”ཞེས《སྐར་ནག་རྩིས་ཀྱི་ལོ་རྒྱུས་སྐོར་ལས་རྒྱ་རྩིས་བོད་དུ་དར་ཚུལ་ཅུང་ཟད་བཤད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས》སུ་གསལ།
འོ་ན། “时宪历”སྟེ་དུས་ཚད་ཀྱི་རྩིས་ཞེས་པར་རྒྱ་རྩིས་ཞེས་ཇི་ལྟར་ཐོགས་སམ་ཞེ་ན། དེ་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་རྒྱ་བོད་མི་རིགས་དབར་རིག་གནས་ཀྱི་སྤེལ་རེས་ཟབ་མོ་བྱུང་བ་ལས། སྔ་ཕྱིར་རྒྱའི་གཙུག་ལག་རྩིས་ཀྱི་རིག་གནས་མང་པོ་བོད་དུ་དར་ཞིང་། རྒྱ་ནས་བོད་དུ་དར་བའི་རྩིས་གཞུང་དེ་དག་ངོ་བོའི་ཆ་ནས་རྣམ་པ་གཉིས་སུ་དབྱེ་ཆོག་སྟེ། ཚན་རིག་གི་ཆ་དང་ལྡན་པ་རྒྱ་རྩིས་དང་། ཚན་རིག་གི་ཆ་དང་བྲལ་བའི་རྨོངས་དད་ཀྱི་ཁོངས་སུ་གཏོགས་པ་འབྱུང་རྩིས་གཉིས་སོ། དེ་གཉིས་ལས་འབྱུང་རྩིས་ནི་རྒྱ་ནག་ནས་བོད་དུ་དར་བའི་དུས་སྔ་བ་དང་། དར་སའི་ཡུལ་གྱི་ཆ་ནས་ནག་རྩིས་ཞེས་ཐོགས་ཤིང་། དེ་ནི་དུས་རབས་མང་པོའི་རིང་སྤྱད་པའི་ཐ་སྙད་ཅིག་ཡིན། ཕྱིས་སུ་ཆིང་རྒྱལ་རབས་སྐབས། རྒྱ་ནག་གི་ཚན་རིག་གི་ཆ་དང་ལྡན་པའི་སྐར་རྩིས་ཀྱི་རིག་པའི་གཞུང་སྟེ། དུས་ཚད་ཀྱི་རྩིས་བོད་དུ་བསྒྱུར་བའི་གོ་སྐབས་བྱུང་སྐབས། དེར་དར་སའི་ཡུལ་གྱི་ཆ་ནས་སྔར་གྱི་ཐ་སྙད་ནག་རྩིས་ཞེས་བཏགས་ན། དེ་གཉིས་དབར་ངོ་བོའི་ཁྱད་པར་ཡོད་པས་མི་འོས་ཤིང་། སྐར་རྩིས་ཞེས་སུ་བཏགས་ན་ནི། དུས་རབས་བཅུ་གཅིག་པའི་དུས་སུ་རྒྱ་གར་ནས་བོད་དུ་དར་བའི་དུས་འཁོར་ལུགས་ཀྱི་རྩིས་ལ་དར་སའི་ཡུལ་གྱི་ཆ་ནས་དཀར་རྩིས་དང་། ངོ་བོའི་ཆ་ནས་སྐར་རྩིས་ཞེས་བཏགས་པའི་ཐ་སྙད་སྔ་ནས་རྒྱུན་འབྱམས་སུ་སོང་ཟིན་སྟབས། སླར་དེ་ལྟར་བཏགས་ན་མི་འཚམ་པར་མཐོང་ནས། མཐར“རྒྱ་རྩིས”ཞེས་དར་སའི་ཡུལ་རྒྱ་ནག་རྒྱུ་མཚན་དུ་བྱས་ནས་བཏགས་པར་སྙམ་སྟེ། སྐབས་དེ་དུས་རྒྱ་དཀར་ནག་གཉིས་ནས་བོད་དང་འབྲེལ་བ་ཆེས་ཆེ་བ་ནི་རྒྱ་ནག་ཡིན་པས་འཁྲུལ་གཞི་འབྱུང་དོགས་མེད་པ་ནི་ལོ་རྒྱུས་ཀྱི་དེབ་ཐེར་དག་ལས་མངོན་པ་བཞིན་ནོ།
དེ་ཡང་། ཧྲི་ཤན་ལི་སྟེ་དུས་ཚད་ཀྱི་རྩིས་ཞེས་པ་ནི་དེང་སྐབས་བྱས་ན་རྒྱ་ནག་གི་ཞིང་རྩིས“农历”ཞེས་པ་དེ་ཡིན། འོ་ན་དེ་ལྟར་དུ་མི་འབོད་པ་ཅི་ཡིན་ནམ་ཞེ་ན། 《བོད་བརྒྱུད་དུས་ཚད་རྩིས་ཀྱི་འགོ་ཁུངས་བརྗོད་པ》ཞེས་པར“ཞིང་རྩིས་ཞེས་པའི་ཐ་སྙད་འདི་ནི་ཉེ་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དར་ཁྱབ་བྱུང་བའི་ཐ་སྙད་ཅིག་ཡིན་ཏེ། སྤྱི་ལོ་1911ལོར་ལྕགས་ཕག་ལོའི་གསར་བརྗེ་བྱུང་རྗེས་སྲིད་གཞུང་ནས་ཟླ་བ་དང་ཉིན་གྱི་བརྩི་ཚུལ་སྤྱི་ལོར་བསྒྱུར་བ་རེད”ཅེས་གསལ། འོན་ཀྱང་། རང་རྒྱལ་དུ་སྔ་ནས་ཡོད་པའི་ལོ་ཐོའི་བརྩི་ཐབས་དེ་ཞིང་ལས་ཐོན་སྐྱེད་ཐད་སྔར་བཞིན་རིན་ཐང་ཡོད་ལ། ལྷག་དོན་སྲོལ་རྒྱུན་གྱི་དུས་ཆེན་ཁག་གི་དུས་ཚོད་དག་སྔར་གྱི་ལོ་ཐོའི་གཞུང་གིས་གཏན་འཁེལ་བྱེད་དགོས་རྐྱེན། སྔོན་ནས་ཡོད་པའི་ལོ་ཐོའི་གཞུང་དེ་དག་མིང་གི་ལྷག་མར་འགྱུར་དོགས་ཀྱིས། སྤྱི་ལོ་དང་དབྱེ་བ་འབྱེད་པའི་ཆེད་དུ་སྔ་དུས་ཀྱི་ལོ་ཐོར་ཞིང་རྩིས་ཞེས་པའམ་ཞྭ་ལི་ཞེས་སུ་འབོད་པའོ།
གསུམ་པ། རྒྱ་རྩིས་ཇི་ལྟར་བྱུང་ཚུལ་ལམ་ཙམ་བསྟན་པ།
དེ་ལྟར་རྒྱ་རྩིས་ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་སྔོན་དུ་བསྟན་ཟིན་ནས་ད་ནི་གང་དེ་ཇི་ལྟར་བྱུང་བའི་ཚུལ་བཤད་པར་བྱ་སྟེ། དེ་ཡང་བོད་སྐད་དུ་རྒྱ་རྩིས་ཞེས་གྲགས་པའི་དུས་ཚད་རྩིས་ཀྱི་ཕྱི་མོ་ནི་མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཞུས་ཀོང་ཇིས་གཙོ་བོར་བྱས་ནས་བསྒྲིཌ་པའི་ཁྲུང་ཀྲིང་རྩིས་རིག(崇祯历书)ཅེས་པ་དེ་ཡིན་ཞིང་། ཁྲུང་ཀྲིང་རྩིས་རིག་ནི་རང་རྒྱལ་གྱི་སྔར་གྱི་ལོ་ཐོའི་གཞུང་གི་སྒྲིག་སྲོལ་ལས་ཐོད་བརྒལ་བྱུང་བའི་རྩིས་གཞུང་ཡང་དག་པ་ཞིག་སྟེ། “ཁྲུང་ཀྲིང་རྩིས་རིིག་གི་ནང་དུ་རྒྱ་ནག་ལ་མེད་པའི་ཐ་སྙད་དང་རིག་པ་ཁག་ཅིག་བེད་སྤྱོད་བཏང་ཡོད་ལ། དེ་ལྟར་བརྩིས་པའི་གཟའ་འཛིན་དང་ཉི་ཟླ་སྐར་གསུམ་གྱི་འགྲོས་རྣམས་ཤིན་ཏུ་ཐིག་པོ་ཡོད་པ་ལག་ལེན་དངོས་ཀྱི་འབྲས་བུས་ཐེངས་མ་མང་པོར་ར་སྤྲོད་བྱུང་བ་རེད”ཅེས《སྐར་ནག་རྩིས་ཀྱི་ལོ་རྒྱུས་སྐོར་ལས་རྒྱ་རྩིས་བོད་དུ་དར་ཚུལ་ཅུང་ཟད་བཤད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས》ལས་གསལ། སྤྱི་ལོ་1634ལོར་གཞུང་ཚད་ལ་བམ་པོ་བརྒྱ་དང་སོ་བདུན་ཡོད་པའི་ཁྲུང་ཀྲིང་རྩིས་རིག་བརྩམས་ཟིན་ལ་ཁད་དུ་ཞུས་ཀོང་ཇི་ཡང་སྐུ་གཤེགས་རྐྱེན། སྔོན་གྱི་གཞུང་རྙིང་པ་དག་ལ་ཞེན་པའི་ཀླད་རྙིང་མཁྲེགས་བཟུང་ཅན་ཁག་གཅིག་གིས་ཐབས་བརྒྱ་ཇུས་སྟོང་གི་བཀག་འགོག་འོག་ཁྲུང་ཀྲིང་རྩིས་རིག་དངོས་སུ་ལག་ལེན་བསྟར་མ་ཐུབ་པ་རེད། དེ་ནས་རིང་པོར་མ་ཐོགས་པར་མིང་རྒྱལ་རབས་ཀྱང་འཐོར་ཞིག་ཏུ་སོང་བ་ཡིན།
སྤྱི་ལོ་1636ལོར། ཆིང་རྒྱལ་རབས་བཙུགས་ཤིང་། དེ་ནས་སྤྱི་ལོ་1644ལོར་ཆིང་དམག་གིས་པེ་ཅིང་མཁར་བླངས་ནས་དེ་གར་རྒྱལ་ས་བྱས། གོ་སྐབས་དེ་དང་བསྟུན་ནས་སྔར་མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཁྲུང་ཀྲིང་རྩིས་རིག་སྒྲིག་སྐབས་ཀྱི་ལས་ཞུགས་མི་སྣ་ཕྱི་རྒྱལ་གྱི་ཆོས་སྤེལ་མཁན་ཐང་རོ་ཝང་གིས་སྔོན་གྱི་བམ་པོ་བརྒྱ་དང་སོ་བདུན་ཡོད་པའི་ཁྲུང་ཀྲིང་རྩིས་རིག་དེ་བམ་པོ་བརྒྱ་དང་ལྔ་རུ་བསྡུས་ནས་མིང་དུ་ནུབ་གླིང་རྩིས་གསར་ཞེས་བཏགས་ཏེ་མཉྫུའི་རྒྱལ་པོར་ཕུལ། སྤྱི་ལོ་1645ལོར་མཉྫུ་སྲིད་གཞུང་གིས་རྩིས་ལུགས་གསར་པ་དེའི་མིང་དུ་ཧྲི་ཤན་ལི་སྟེ་དུས་ཚད་ཀྱི་རྩིས་ཞེས་བཏགས་ནས་ལག་བསྟར་བྱེད་འགོ་བརྩམས། འོན་ཀྱང་། སྲོལ་རྙིང་ལ་ཞེན་ཆགས་ཆེ་བའི་ཡང་ཀོན་ཤན་གྱིས་སྤྱི་ལོ་1664ལོར་དུས་ཚད་རྩིས་ཀྱི་ཁ་ཤོག་ཏུ་ནུབ་གླིང་རྩིས་གསར་ལ་བརྟེན་ནས(依西洋新法)ཞེས་ཡི་གེ་བཀོད་པར་བསྙད་བཏགས་ཏེ། ཐང་རོ་ཝང་གིས་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱེད་ཀྱི་འདུག་ཅེས་སྙན་ཞུ་ཕུལ་རྐྱེན། ཆིང་སྲིད་གཞུང་གིས་ཐང་རོ་ཝང་ལ་སྲོག་གཅོད་ཀྱི་ཆད་པ་བཅད་ནས་བཙོན་དུ་བཅུག་པ་རེད། སྤྱི་ལོ་1669ལོར་ཆིང་རྒྱལ་རབས་ཀྱི་གྲོས་འདོན་བློན་ཆེན་ཚོས་སྙན་ཞུའི་ནང་དུ་ཡང་ཀོན་ཤན་གྱིས་ཐང་རོ་ཝང་ལ་མ་ཉེས་ཁག་གཡོགས་བྱས་པའི་སྐོར་བཀོད་ནས་གོང་མར་ཕུལ་བས། གོང་མས་ཡང་ཀོང་ཤན་གྱི་གོ་གནས་ཚང་མ་མེད་པར་བཟོས་ཏེ། སྲོག་གཅོད་ཀྱི་ཆད་པ་བཅད་པ་དང་། ལོ་དེར་གོང་གི་ནུབ་གླིང་རྩིས་གསར་དེའི་གོ་རིམ་འཁྲུགས་པ་རྣམས་གསར་དུ་བསྒྲིགས་ཤིང་། དེའི་སྟེང་ཅུང་ཟད་འཕྲི་སྣོན་བགྱིས་ཏེ་བམ་པོ་བརྒྱར་བསྡུས་པ་རེད། ནུབ་གླིང་རྩིས་གསར་རམ་དུས་ཚད་ཀྱི་རྩིས་བམ་པོ་བརྒྱར་བསྡུས་པ་འདི་ཉིད་ནི་བོད་དུ་དར་བའི་རྒྱ་རྩིས་ཆེན་མོ་སྟེ། 《འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་པ》ཞེས་བྱ་བ་འདིའི་མ་ཕྱི་ཡིན་ནོ།།
*དཔྱད་རྩོམ་འདི་ནི་2022ལོའི་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཆེད་དོན་རྣམ་གྲངས《མི་རིགས་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་རྒྱབ་ལྗོངས་འོག་རྒྱ་རྩིས་བོད་དུ་སྒྱུར་ཚུལ་སྐོར་གྱི་དཔྱད་གླེང》(民族交往交流交融背景下汉历藏译及其流传史研究)ཞེས་པའི་བར་སྐབས་ཀྱི་དཔྱད་འབྲས་ཡིན། རྣམ་གྲངས་ཀྱི་ཆོག་མཆན་ཨང་རྟགས་ནི་22CMZ08ཡིན།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྱུར་ལྟེ་གནས། བུ་ཆུང)
འབྲེལ་ཡོད་གསར་འགྱུར།