ལྗོངས་ཡོངས་ཀྱི“རིག་རྩལ་གསར་གཉིས”ལས་དོན་སྤེལ་རེས་ཀྱི་མཉམ་སྤྱོད་བྱེད་སྒོ་སྤེལ་བ།
ཚན་པ་5427གྱིས་གངས་ལྗོངས་རིག་རྩལ་གྱི་སྒུལ་ནུས་འཕེལ་བར་བྱས་པ།
ཉེ་ཆར། ལྗོངས་ཡོངས་ཀྱི“རིག་རྩལ་གསར་གཉིས”ལས་དོན་སྤེལ་རེས་ཀྱི་མཉམ་སྤྱོད་བྱེད་སྒོ་བོད་ལྗོངས་མཛེས་རྩལ་ཁང་དུ་སྤེལ་ཞིང་། གསར་འགོད་པར་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་ཁུལ་ཁོངས་རང་བཞིན་གྱི“རིག་རྩལ་གསར་གཉིས”ཀྱི་ཆེད་དོན་སྤེལ་རེས་བྱེད་སྒོ་ཞིག་ཡིན་པའི་ངོས་ནས། 2026ལོའི་ཟླ་3པའི་བར་ལྗོངས་ཡོངས་ཀྱི“རིག་རྩལ་གསར་གཉིས”ཀྱི་ཚན་པ་5427དང་ལས་དོན་པ་37989འདུས་པའི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་དེ་ད་ཐེངས་ཀྱི་བྱེད་སྒོའི་བཀྲག་མདངས་འཚེར་ཤོས་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།
སྤེལ་རེས་གཏམ་བཤད་ཀྱི་ལྷུ་ཚིགས་ནང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི“རིག་རྩལ་གསར་གཉིས”ཀྱི་རྐང་འཛིན་འཐུས་མིས་རང་ངོས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་གྱི་རིག་རྩལ་ཞབས་ཞུ་དང་། ཡུལ་དེ་གའི་བརྗོད་བྱའི་གསར་རྩོམ། རིག་གནས་བརྒྱུད་སྤེལ་ཁྱབ་གདལ་སོགས་ཕྱོགས་མི་འདྲ་བ་ནས་ཉམས་མྱོང་མཉམ་སྤྱོད་དང་བསམ་ཚུལ་སྤེལ་རེས་བྱས་པས་ས་གནས་ས་ཐོག་ཏུ་སྤེལ་རེས་ཀྱི་རྣམ་པ་ཟབ་མོས་ཁེངས་ཡོད།
ད་ཐེངས་ཀྱི་བྱེད་སྒོར་ས་ཁུལ་དང་གྲོང་ཁྱེར་བདུན་གྱི“རིག་རྩལ་གསར་གཉིས”ཀྱི་རྐང་འཛིན་པ་དང་། རིག་གནས་ཁེ་ལས་ཀྱི་འཐུས་མི། དེ་བཞིན་རིག་རྩལ་ལས་དོན་པ་བཅས་ཁྱོན་མི་100ལྷག་ཙམ་ཞུགས་ཡོད། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ད་ཐེངས་ཀྱི་བྱེད་སྒོ་འགོ་འཛུགས་སར་བྱས་ཏེ། སྲིད་ཇུས་རོགས་སྐྱོར་དང་། ལས་སྟེགས་གསར་སྐྲུན། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱ་ཆེའི“རིག་རྩལ་གསར་གཉིས”ཀྱི་མི་སྣར་ཐོག་མའི་བསམ་འདུན་བརྟན་སྲུང་དང་གངས་ལྗོངས་ས་མཐོར་འབད་འབུངས་བྱ་རྒྱུའི་ཁྲིད་སྟོན་བྱས་ནས། རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་འགན་འཁྲི་གསར་པ་འཁུར་ཕོད་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།