དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔྱིད་ཀྱི་དཔལ་ཡོན་བཞད་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྡོ་རྗེ་ཐར་ལམ།   |     སྤེལ་དུས།  2026-04-07

    དཔྱིད་འགོའི་ཁ་ཆར་འདྲེས་མ། །

    ས་གཞིའི་པང་དུ་འཐོར་སོང་། །

    སྔོ་ལྗང་མྱུ་གུ་འབུས་པས། །

    དཔལ་ཡོན་རབ་ཏུ་རྒྱས་སོང་། །


    འཇམ་མཉེན་མེ་ཏོག་འདབ་མ། །

    དཀར་དམར་ཁ་དོག་མཛེས་པ། །

    སྨྱུག་འཛིན་པིར་ལས་འཁྲུངས་པའི། །

    སྣུམ་ཚོན་རི་མོ་འདྲ་བྱུང་། །


    ལྗོན་པའི་ཡལ་གའི་རྩེ་རུ། །

    བྱིའུ་ཆུང་གསུང་སྐད་ཀྱུར་ཀྱུར། །

    མེ་ཏོག་ཟེའུ་འབྲུའི་དབུས་ལ། །

    རྐང་དྲུག་རྩེད་འཇོར་རོལ་སོང་། །


    མཛེས་སྡུག་པད་མའི་འཁྲི་ཤིང་། །

    མེ་ཏོག་སྣ་བརྒྱས་བརྒྱན་འདུག །

    ཟམ་ཟིམ་ཆར་དང་བསྡོངས་ནས། །

    ཡིད་འོང་དཔྱིད་དཔལ་བཞད་སོང་། །


    དཔྱིད་འགོའི་ནོར་འཛིན་ཕང་བར། །

    མེ་ཏོག་མགོ་ལྕོག་ལྡེམ་ལྡེམ། །

    སྒེག་ལྡན་ཁམ་བུའི་མེ་ཏོག །

    དཔྱིད་ཀྱི་མགྲོན་དུ་ཕེབས་བྱུང་། །


    ལང་ཚོའི་དཔལ་ཡོན་བཀྲ་བའི། །

    མེ་ཏོག་སྐྱེད་ཚལ་འགྲིམ་དུས། །

    ཁ་འབྲས་མཚར་བའི་ཆུང་འདྲིས། །

    མིག་གི་ལམ་དུ་འཆར་བྱུང་། །


    ཨེ་མ་དཔྱིད་འགོའི་མེ་ཏོག །

    མཚར་སྡུག་གཞན་ལས་ཆེ་བ། །

    མཛེས་སྡུག་དཔལ་ཡོན་འདི་འདྲ། །

    དཔྱིད་ཀྱི་རྒྱན་ཆ་ཡིན་སོང་། །


    དཀར་དམར་ཚོན་མདངས་ཡག་པའི། །

    འབྲས་ལྡན་ཁམ་བུའི་མེ་ཏོག །

    བཅུ་དྲུག་ན་ཆུང་བུ་མོའི། །

    ལང་ཚོའི་འཛུམ་མདངས་འདྲ་བྱུང་། །


    སྒེག་ལྡན་དཔྱིད་ཀྱི་དཔལ་ཡོན། །

    མི་ཡུལ་ལོངས་སྤྱོད་འདྲ་བ། །

    ཟམ་ཟིམ་ཆར་པའི་ཁྲོད་དུ། །

    མེ་ཏོག་ཞལ་ཁ་ཕྱེ་སོང་། །


    མ་བཏབ་མེ་ཏོག་མཛེས་པ། །

    མ་བྲིས་རི་ཆུ་བརྗིད་པ། །

    མ་བཞེངས་ངོ་མཚར་ཆེ་བ། །

    མ་ཡུམ་གངས་ལྗོངས་ཕྱུག་མོ། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།