ཁྱིམ།
ཁྱིམ་ནི་དོན་དུ་ཅི་འདྲ་ཞིག་ལ་ཟེར་བ་ཡིན་ནམ། ཐོག་མར་ཁང་པ་རྫིག་པོ་ཡོད་པ་ལ་ཁྱིམ་དུ་མི་འབོད་དེ། ཁྱིམ་དུ་མི་ཡོད་པ་ལ་ད་གཟོད་ཁྱིམ་དུ་འབོད། རླངས་འཁོར་དང་ཁང་བཟང་ཡོད་པ་ཙམ་གྱིས་ཁྱིམ་དུ་མི་འབོད། བརྩེ་བ་དང་དུངས་བ། སྲི་ཞུ་ཡོད་པ་ནི་དོན་ངོ་མའི་ཁྱིམ་ཡིན། འཇིག་རྟེན་འདིར་ཆེས་རྩ་ཆེ་བ་ནི་རྒྱུ་ཆ་གསེར་དངུལ་ལས་གྲུབ་པའི་གཞལ་ཡས་ཁང་དེ་མིན་པར། གཞིས་ཁྱིམ་ལས་མཆེད་ཡོང་བའི་དགོད་སྒྲ་དང་གློག་འོད་འོག་གི་རེ་སྒུག་གི་ཞལ་རས་དྲོན་མོ་དེ་ཡིན། ཁྱིམ་ལ་ཁྱིམ་དུ་ཐོགས་པའི་རྒྱུ་མཚན་ནི་གཅིག་ནས་དེ་རུ་ང་ཚོའི་ཞེ་ལ་ཐོགས་པའི་མི་དང་ང་ཚོ་དྲན་བཞིན་པའི་མི་རྣམས་ཡོད་པས་ཡིན་ལ། ཁྱིམ་ནི་ང་ཚོའི་ཚེ་གཅིག་གི་ལོག་མལ་ཡིན་པས་རེད།
བུ་ཕྲུག་གི་ཆ་ནས་བཤད་ན་ཕ་མ་ཡོད་ས་དེ་ནི་ཁྱིམ་ཡིན་ལ། ཁྱོ་ཤུག་གཉིས་ཀྱི་ཆ་ནས་བཤད་ན་ཕན་ཚུན་གྱི་སེམས་པ་མཉམ་དུ་གནས་པ་ནི་ཁྱིམ་ཡིན། ཕ་མའི་ཆ་ནས་བཤད་ན་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་བྱུང་ས་དེ་ནི་ཁྱིམ་ཡིན། ཁྱིམ་ནི་གཏན་འཇགས་ཀྱི་གནས་མལ་ཞིག་མིན་པར་འགུལ་སྐྱོད་ཀྱི་འགྲུལ་བཞུད་ཅིག་སྟེ། བརྩེ་བ་ལ་བརྟེན་ནས་བསྐྱོད་ཅིང་འགན་འཁྲི་ལ་བརྟེན་ནས་འགྲོ་བཞིན་ཡོད། སྐྱེས་པ་ཕོ་ནི་ཁྱིམ་གྱི་གཞི་མ་དང་སྐྱེས་མ་ནི་ཁྱིམ་གྱི་རྣམ་ཤེས་ཡིན། སྐྱེས་པ་ལ་ཁྱིམ་མེད་ན་སེམས་ཀྱི་ཁེན་ས་མེད་ལ་བུད་མེད་ལ་ཁྱིམ་མེད་ན་ལུས་ཀྱི་རྟེན་ས་མེད། ཁྱིམ་ཚང་ཞིག་དར་རྒྱས་སུ་འགྲོ་དགོས་ན་ཁྱོ་ཤུག་ཟུང་གིས་མཉམ་དུ་འབད་པ་བྱེད་དགོས། སྐྱེས་པས་གནམ་འདེགས་ཀ་བ་ལྟ་བུ་བྱེད་དགོས་ལ། སྐྱེས་མས་ཁྱིམ་ཚང་ལ་དྲོད་ཁོལ་སྩོལ་དགོས། མི་ཚེ་ནི་ཡུན་ཐུང་ཙམ་ཡིན་པས་ངེས་པར་དུ་ཕན་ཚུན་དབར་བྱམས་སྐྱོང་དང་སྲི་ཞུ་སྒྲུབ་དགོས།
ཁྱིམ་ཚང་ནི་ཆ་ཚང་བའི་སྐྱེ་ཁམས་མ་ལག་ཅིག་སྟེ། ཡབ་ཆེན་ནི་རྒྱབ་རིའི་ཚུལ་དུ་ང་ཚོ་སྐྱོར་བཞིན་ཡོད་ལ། ཡུམ་ཆེན་ནི་གཙང་པོའི་ཚུལ་དུ་ང་ཚོ་སྐྱོང་བཞིན་ཡོད། ཨ་ཕ་ནི་ལམ་གྱི་ཚུལ་དུ་ང་ཚོར་ཁ་ཕྱོགས་བསྟན་ཡོད་ལ་སྐྱེས་མ་ནི་ཟམ་པའི་ཚུལ་དུ་ང་ཚོའི་སེམས་རྒྱུད་སྦྲེལ་ཡོད། བུ་ཕྲུག་ནི་ཤིང་སྡོང་གི་ཚུལ་དུ་སྐྱེ་འཚར་གྱི་ཡན་ལག་བརྐྱངས་ཡོད་ལ། བུ་མོ་ནི་མེ་ཏོག་གི་ཚུལ་དུ་མཚར་སྡུག་གི་འདབ་མ་བརྐྱངས་ཡོད། དེ་ལྟར་བདེ་སྐྱིད་ཀྱི་ཁྱིམ་ཚང་ནི་རི་བོར་བརྟེན་ཞིང་གཙང་པོ་དང་འགྲོགས་པ་དང་ལམ་དང་བསྟུན། ཟམ་པ་བསྒྲལ་ཏེ་ཤིང་སྡོང་གི་འགྲམ་ནས་མེ་ཏོག་གི་གང་བུ་གྲོལ་བར་སྒུག་དགོས་པ་ཡིན།
ཁྱིམ་ནི་གདགས་སྲིབ་མཐུན་འཇུག་གི་གནམ་ས་ཞིག་སྟེ། ཁྱིམ་ན་ནམ་ཡང་སྟོབས་ཅན་ཞིག་དང་རང་རྐྱ་འཕེར་བ་ཞིག ཁྲོ་སླ་བ་ཞིག ཞི་འཇམ་དང་ལྡན་པ་ཞིག ལས་ལ་བརྩོན་པ་ཞིག སྒྱིད་ལུག་པ་ཞིག རྩོད་གླེང་ལ་མོས་པ་ཞིག བློ་ཁོག་ཡངས་པ་ཞིག་བཅས་ཡོད་སྲིད་པ་ཡིན། འཇིག་རྟེན་ན་རང་བྱུང་རྩོད་མེད་ཀྱི་མི་གཉིས་ཡོད་མི་སྲིད་པར་ཕན་ཚུན་རྒྱུས་ལོན་དང་དཀྱེལ་ཡངས་ཁྲོད་ཡུན་གྱིས་སྒྱུར་བཅོས་གཏོང་དགོས་པ་ཡིན། ཉིན་རེའི་འཚོ་བའི་འཁོར་སྐྱོད་ཀྱི་གཙུབ་བརྡར་ཁྲོད་ནས་ཆེས་བདེ་འཇམ་གྱི་འབྲེལ་འདྲིས་རྣམ་པ་འཚོལ་སྙེག་བྱེད་དགོས་པ་ཡིན།
ཁྱིམ་ནི་ངལ་བ་ཐང་ལ་ཕབ་སའི་ཚང་མལ་ཡིན། ཕྱི་རོལ་དུ་ང་ཚོས་མཐོང་སྣེ་མི་འདྲ་བའི་བྱ་བྱེད་སྣ་ཚོགས་འཁྲབ་དགོས་པ་ཡིན། ཁྱིམ་དུ་ལོག་རྗེས་ང་ཚོས་ད་གཟོད་རང་ཉིད་ངོ་མ་དེ་རྙེད་ཐུབ་པ་ཡིན། ཁྱིམ་ཡོད་ན་ལོག་མལ་ཡོད་ལ་ཁྱིམ་ཡོད་ན་ལུས་སེམས་བདེ་བར་གནས་ཐུབ། འདི་ནི་རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་སྟེ། དེ་རུ་བཅོས་རྫུན་དང་བཙན་ཚུགས་བྱེད་མི་དགོས་པར་ཡོད་ཚད་རང་མོས་ལྟར་བསྡད་ཆོག་པས་ཡིན།
ཁྱིམ་ནི་བརྩེ་བ་གླེང་ས་ཡིན་པ་ལས་ཁྱིམ་ནི་གནས་ལུགས་བརྗོད་ས་མིན། ཁྱིམ་ནི་གཡུལ་ས་མིན་པས་ཁྱོད་ཤི་ང་གསོན་གྱི་རྒྱལ་ཕམ་རྩོད་དགོས་མེད། དོན་ཆེན་མཉམ་དུ་གྲོས་བསྡུར་བྱས་ཆོག་ལ་དོན་ཆུང་ཕན་ཚུན་བཟོད་བསྲན་བྱས་ཆོག གནས་ལུགས་ལས་རྒྱལ་བ་དང་བརྩེ་དུང་ལས་ཕམ་པ་དེ་ནི་ཆེས་རིན་ཐང་མེད་པའི་ཉོ་ཚོང་དེ་རེད། ཁྱིམ་ལ་བཟུང་བའི་ལྟ་སྟངས་ཀྱིས་ཁྱིམ་གྱི་དྲོད་ཚད་གཏན་འཁེལ་བྱེད་བཞིན་ཡོད་པས། ང་ཚོས་ཁྱིམ་ཚང་སྙིང་གི་དཀྱིལ་དུ་བཟུང་ནས་དེར་བདེ་སྐྱིད་དང་དགོད་སྒྲའི་རྒྱུ་ནོར་གསོག་དགོས།
འབྲེལ་ཡོད་གསར་འགྱུར།