དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • སྙན་འཇེབས་གླུ་དབྱངས་བླངས། ས་མཐོར་བརྩེ་བས་ཁེངས།

    ——ཨོ་སི་ཁྲུ་རི་ཡའི་ཝེ་ཨེན་ན་སློབ་ཆེན་ལུའུ་ཏའོ་ཧྥུའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི་མཉམ་གཞས་ཚོཌ་པའི་རིག་གནས་སྤེལ་རེས་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    འདི་ནི་ཟླ་4ཚེས་3ཉིན་གྱི་དགོང་མོར་ལྷ་སར་གཉེར་བའི་ཨོ་སི་ཁྲུ་རི་ཡའི་ཝེ་ཨེན་ན་སློབ་ཆེན་ལུའུ་ཏའོ་ཧྥུའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཟླ་4ཚེས་3ཉིན་གྱི་དགོང་མོར། བོད་ལྗོངས་ཟློས་གར་ཁང་ཆེ་མོར་གླུ་སྒྲ་ལྷང་ལྷང་དུ་གྲགས་པ་དང་བརྩེ་བ་ཟབ་མོས་ཕྱུག རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ཕྱི་ཕྱོགས་ལས་དོན་གཞུང་དོན་ཁང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་དང་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་གཉེར་འགན་འཁུར་བའི་ཨོ་སི་ཁྲུ་རི་ཡའི་ཝེ་ཨེན་ན་སློབ་ཆེན་ལུའུ་ཏའོ་ཧྥུའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི་མཉམ་གཞས་ཚོགས་པའི་རིག་གནས་སྤེལ་རེས་བྱེད་སྒོ་དེ་གར་སྤེལ་བ་རེད། དེ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་གཉིས་པོའི་སྒྱུ་རྩལ་མཁས་ཅན་གྱིས་གངས་ལྗོངས་ས་མཐོར་རོལ་དབྱངས་ཐད་ཀྱི་སྤེལ་རེས་བྱེད་ཐེངས་དང་པོ་དེ་ཡིན་ལ། བོད་དང་འཛམ་གླིང་དམ་པོར་འབྲེལ་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་རེད།

    ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བའི་ལོ་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་བདེ་སྡུག་མཉམ་མྱོང་བྱས་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གཅུགས་ཟབ་ཏུ་ཕྱིན་པ་དང་རིག་གནས་སྤེལ་རེས་ནི་དེའི་ཁྲོད་ཀྱི་འབྲེལ་ཐག་བརྟན་ཤོས་དེ་རེད།

    བོད་ལྗོངས་ནི་གླུ་གར་གྱི་རྒྱ་མཚོ་དང་། ཝེ་ཨེན་ན་ནི་རོལ་དབྱངས་ཀྱི་གྲོང་ཁྱེར་རེད། འོད་སྟོང་འཕྲོ་བའི་རིག་གནས་གཉིས་འཛམ་གླིང་ཡང་རྩེར་སྤེལ་རེས་བྱེད་སྐབས་རོལ་དབྱངས་ནི་འབྲེལ་ཟམ་ཞིག་ཏུ་གྱུར་ནས་ས་མཐོའི་འགྱུར་ཁུག་དང་ཏུའོ་ནའོ་གཙང་པོའི་རོལ་དབྱངས་དེ་གར་མཉམ་དུ་གྲགས།

    ཨོ་སི་ཁྲུ་རི་ཡའི་ཝེ་ཨེན་ན་སློབ་ཆེན་ལུའུ་ཏའོ་ཧྥུའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི་མཉམ་གཞས་ཚོགས་པའི་འཁྲབ་སྟོན་པ་Juliaཡིས་རོལ་དབྱངས་འདུ་ཚོགས་མ་འཚོགས་གོང“ད་ཐེངས་ནི་ང་ཚོ་བོད་དུ་རོལ་དབྱངས་འདུ་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན། དོ་ནུབ་ང་ཚོས་བོད་ཀྱི་གྲོགས་པོ་ཚོ་དང་མཉམ་དུ་རང་སོ་སོའི་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ནས་རོལ་དབྱངས་ལས་བྱུང་བའི་སྤྲོ་སྣང་ལོངས་སུ་སྤྱོད་ཀྱི་ཡིན”ཞེས་བཤད།

    ཆུ་ཚོད་19དང་སྐར་མ་30ཡི་ཐོག་སྙན་ཞིང་འཇེབས་པའི་རོལ་དབྱངས་ཀྱི་སྒྲ་དང་བཅས་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མི་རིགས་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་པ་12ཀྱིས་ལུས་ལ་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་པ་དང་ལག་ཏུ་སྒྲ་སྙན་དང་པི་ཝང་སོགས་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་ཁྱེར་ནས་སྟོད་གཞས《ཨ་ཇོ་བསོད་ནམས་སྟོབས་རྒྱལ》དང་། ནང་མ《སྐྱིད་པའི་ཉི་མ》 པི་ཝང《བོད་ཤར་གྱི་འགྱུར་ཁུག》བཅས་གཅིག་རྗེས་གཉིས་མཐུད་ངང་མཉམ་དུ་དཀྲོལ་ཞིང་། སྒྲ་སྙན་དང་པི་ཝང་གི་སྒྲ་གདངས་ལས་བོད་རིགས་རོལ་དབྱངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད།

    ཨོ་སི་ཁྲུ་རི་ཡའི་ཝེ་ཨེན་ན་སློབ་ཆེན་ལུའུ་ཏའོ་ཧྥུའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི་མཉམ་གཞས་ཚོགས་པའི་འཁྲབ་སྟོན་པས་གཡོད་སེ་ཧྥུའུ·ཧའེ་ཏུན་གྱིས་བརྩམས་པའི《གཉེན་སྒྲིག་འཆམ་མཐུན》ཞེས་པ་དེ་དལ་གྱིས་ བླངས་པ་དང་ཟློས་གར་ཁང་དུ་གླུ་དབྱངས་ཀྱི་བྲག་ཅ་ཡང་ཡང་འཁོར།

    “ལྷ་ས་ནས་ཝེ་ཨེན་ནའི་གླུ་སྒྲ་ཐོས་ཐུབ་པས་ང་ཚོར་རྒྱལ་སྤྱི་ཅན་གྱི་བོད་ལྗོངས་ཀྱི་ཉམས་འགྱུར་དངོས་སུ་ཚོར་ཚོར་དུ་བཅུག་བྱུང” ལྟད་མོ་བ་རྡོ་རྗེས་ལག་ཐོགས་ཁ་པར་བཏོན་ནས་དུས་བཟང་དེ་བརྙན་དུ་བླངས་པ་དང་། ཁོང་གིས“བྱེད་སྒོ་དེ་རིགས་གང་མང་སྤེལ་ནས་རིག་གནས་མི་འདྲ་བ་མྱོང་ཚོར་ཐུབ་པ་དང་ཆབས་ཅིག འཛམ་གླིང་སྐྱེ་བོ་ཀུན་གྱིས་ང་ཚོ་བོད་རིགས་ཀྱི་གླུ་སྒྲ་ཐོས་ནས་ས་མཐོའི་རིག་གནས་ཤེས་རྟོགས་དང་སྒོ་དབྱེ་བསྟུན་མཁས་ཀྱི་བོད་ལྗོངས་ཤེས་ཚོར་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    རོལ་དབྱངས་འདུ་ཚོགས་མཇུག་འགྲིལ་ཉེའི་སྐབས་མི་སེམས་འགུལ་ཤོས་ཀྱི་དུས་སུ་སླེབས་པ་སྟེ། ཨོ་སི་ཁྲུ་རི་ཡའི་ཝེ་ཨེན་ན་སློབ་ཆེན་ལུའུ་ཏའོ་ཧྥུའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི་མཉམ་གཞས་ཚོགས་པ་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མཉམ་གཞས་ཚོགས་པ་ལག་གདང་སྦྲེལ་ནས་གར་སྟེགས་ཐོག་བསྐྱོད་དེ《རྒྱ་མཚོ་ཨ། ཕ་ཡུལ》དང་བོད་ཀྱི་དམངས་གཞས《གྲོ་མོ་རིན་ཆེན་སྒང》མཉམ་དུ་བླངས་པ་རེད།

    གར་སྟེགས་ཐོག་གི་མཉམ་གཞས་ནས་སེམས་དང་སེམས་པ་གཅིག་མཐུན་བར་རོལ་དབྱངས་འདུ་ཚོགས་དེ་ལས་རྒྱལ་ཁབ་མི་འདྲ་བའི་སྒྱུ་རྩལ་མཁས་ཅན་ཕན་ཚུན་འབྲེལ་འདྲིས་ཐུབ་པ་མ་ཟད། འཛམ་གླིང་གིས་བོད་ལྗོངས་དེ་བས་གསལ་པོར་མཐོང་བ་དང་ཤེས་རྟོགས་ཐུབ་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཕྱི་ཕྱོགས་སྤེལ་རེས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧྲེང་ནའེ་ཕེང་གིས“ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་རྒྱལ་ཁབ་གཉིས་པོའི་མཉམ་གཞས་ཚོགས་པས་བོད་ལྗོངས་ཟློས་གར་ཁང་ཆེ་མོར་མཉམ་དུ་འཁྲབ་སྟོན་དང་མཛའ་གྲོགས་སྤེལ་རེས་བྱས་པ་དང་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། བྱེད་སྒོ་དེ་ལས་ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་མངོན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་དོད་པོས་མངོན་པ་མ་ཟད། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་དང་མི་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་དེ་བས་བཏང་བ་མ་ཟད། ཞི་བདེ་དང་མཛའ་མཐུན་གྱི་འདུ་ཤེས་ཀྱང་བརྒྱུད་སྤྲོད་བྱས་ཡོད་ཅེས་བརྗོད་པ་རེད།

    འཁྲབ་སྟོན་མཇུག་འགྲིལ་ཡང་བརྩེ་སེམས་ལ་རྫོགས་མཐའ་མེད། རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མཉམ་གཞས་ཚོགས་པའི་འཁྲབ་སྟོན་པས་ལག་ཏུ་དཀར་གཙང་མཇལ་དར་ཁྱེར་ནས་ཐག་རིང་ནས་ཡོང་པའི་ཨོ་སི་ཁྲུ་རི་ཡའི་གྲོགས་པོ་ཚོར་བསྒྲོན་པ་རེད། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་མཛའ་གྲོགས་དེ་ས་མཐོའི་ཀེ་ལ་ཤ་ལྟར་ནམ་འཚོའི་བར་དུ་མི་ནུབ་བརྟན་པོར་གནས་པ་དང་། བཀྲ་ཤིས་བདེ་ལེགས་ཞུ་བའི་སྨོན་འདུན་བཟང་པོ་རི་ཀླུང་བརྒལ་ནས་ནམ་ཡང་གྲགས་པར་སྨོན། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།