དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • འཕགས་མོ་ཚེ་རིང་།

    བར་སྐོར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་རྩལ་ལ་གསར་གཏོད་ཀྱི་གཤོག་ཟུང་བསྒར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-04

    འཕགས་མོ་ཚེ་རིང་གིས་ཀ་བེད་ལ་སི་སྐུད་ཀྱིས་མཛེས་རྒྱན་སྤྲོས་བཞིན་པ།

    དཔྱིད་དུས་ཀྱི་ལྷ་སར། བར་སྐོར་དུ་མི་ཚོགས་ཀྱི་འདུ་འཛི་ཆེ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཁྲོམ་བཀྱག་ཐོག་ཚོང་འབོད་རྒྱག་མཁན་ཧ་ཅང་མང་པོ་ཡོད་ཅིང་། སྲང་ལམ་གྱི་སྦུག་ཏུ་འགྲོ་སྐབས་འུར་སྒྲ་རིམ་བཞིན་ཡལ་ནས་ཁུ་སིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་ཁང་ཞིག་མིག་ལམ་དུ་འཆར། ཚོང་ཁང་ཆེན་པོ་མི་འདུག་ལ་མགྲོན་པོ་ཡང་མང་པོ་མེད་མོད། འོན་ཀྱང་ནམ་རྒྱུན་ཚོང་རྒྱུག་པོ་ཡོད་ལུགས་ཐོས། ཉིན་དགུང་ཡོལ་རྗེས་འཕགས་མོ་ཚེ་རིང་ལས་སྟེགས་མདུན་དུ་བསྡད་དེ་ཚོང་ཤག་གིས་མངགས་པའི་ཀ་པེད་ལ་སི་སྐུད་ཀྱིས་མཛེས་རྒྱན་སྤྲོས་བཞིན་ཡོད། དེ་ནི་ཁོང་གིས་སི་སྐུད་ཀ་པེད་ལ“གསར་གཏོད”བྱེད་ཐེངས་གཉིས་པ་ཡིན་ཞིང་། རིག་གནས་ཀྱི་གཞི་རྒྱུ་སྣ་ཚོགས་སྲོལ་རྒྱུན་གྱི་བྱེད་ཐབས་ནང་བསྲེས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ལས་རིགས་རྙིང་པར་ཐབས་གསར་སྤྱད་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་པ་གསར་པ་བཏོད།

    འཕགས་མོ་ཚེ་རིང་གི་བྱིས་དུས་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་འབྲོག་ཁུལ་དུ་བསྐྱལ་ཞིང་། ཕྱུགས་འཚོ་བ་དང་། རི་མོ་འབྲི་བ། འདམ་བག་བརྫི་བ་བཅས་ནི་ཁོང་ཆུང་དུས་བྱེད་དགའ་བའི་བྱ་བ་ཞིག་ཡིན་པས། རང་བྱུང་ཁམས་ཀྱི་པང་དུ་ལོངས་པའི་ལོ་ཟླའི་ནང་སྒྱུ་རྩལ་གྱི་ས་བོན་ཞིག་ཁོང་གི་སེམས་གཏིང་ནས་མྱུ་གུ་འབུས་འགོ་ཚུགས་ཡོད་སྲིད།

    2024ལོར། འཕགས་མོ་ཚེ་རིང་བོད་ལྗོངས་སློབ་ཆེན་ནས་ཐོན་ཏེ་རབ་འབྱམས་པའི་སློབ་གནས་ཐོབ། མི་ཚེའི་ལམ་མདོར་ཁོང་གིས་མ་འོངས་པར་བྱ་བ་ཅི་ཞིག་སྒྲུབ་དགོས་པ་མ་ཤེས་མོད། འོན་ཀྱང་ལམ་བུ་དེ་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་དང་འབྲེལ་བ་ཡོད་པ་ཐག་བཅད་ནས་བཤད་ཆོག

    སྐབས་དེ་དུས་དམིགས་ཡུལ་མེད་པའི་ཁོང་རྟག་ཏུ་བར་སྐོར་ལ་འགྲོ་བར་དགའ། “ཡིད་མུག་སྐབས་དེ་གར་འགྲོ་རྒྱུར་དགའ། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་དུས་ད་ལྟའི་མཉམ་ལས་རོགས་ཟླ་འཕྲད་བྱུང་། ངེད་གཉིས་མཚོ་སྔོན་གྱི་ཕ་ཡུལ་གཅིག་པ་རེད། ཁོ་པ་སྔོན་ཆད་བཟའ་བཏུང་ལས་ཀ་བྱེད་ཀྱི་ཡོད་པ་དང་། ད་ལྟ་གནའ་རྫས་དང་རིག་གནས་བསམ་བཀོད་ཐོན་རྫས་བཟོ་ཡི་ཡོད། དྲན་རྒྱུ་རྒོད་པོ་ཡོད”ཅེས་འཕགས་མོ་ཚེ་རིང་གིས་སྐད་གདངས་དམའ་པོས་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས“ཁོ་པས་བསམ་ཚུལ་ཤོད་པ་དང་ངས་ལག་པ་འགུལ་ཏེ་རང་ཉིད་ལ་འཚམ་པའི་ལམ་བུར་སྐྱོད་ཐུབ་མིན་ཚོད་ལྟ་བྱེད་ཀྱི་ཡོད”ཅེས་བཤད།

    འཕགས་མོ་ཚེ་རིང་གིས་བཟོས་པའི་གངས་རིན་པོ་ཆེའི་དབྱིབས་ཀྱི་སྤོས་ཕོར་ཡིན་པ།

    སློབ་གྲྭ་ཐོན་ནས་ལོ་གཅིག་སོང་རྗེས། འཕགས་མོ་ཚེ་རིང་རྒྱུས་མངའ་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་ཁོངས་སུ་སླར་ཡང་ལོག ཁུ་སིམ་པའི་ལག་ཤེས་བཟོ་ཁང་འདིའི་ནང་པིར་སྨྱུག་ལ་བརྟེན་ནས་ཐང་གའི་ཚོན་མདངས་འཁྱུག་པ་དང་། སྦར་མཐིལ་དུ་འཇིམ་བཟོའི་བཟོ་ལྟ་གྲུབ་པ། སི་སྐུད་ཀྱི་འོད་མདངས་རིམ་བཞིན་མངོན་པ་བཅས་ཀྱི་བརྩམས་ཆོས་ཚང་མ་ཁོང་གིས་དམིགས་པ་མེད་པའི་སྒོ་ནས་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ཤ་སྟག་རེད།

    2025ལོར་འཕགས་མོ་ཚེ་རིང་གིས་སི་སྐུད་བཟོ་རྩལ་གྱི་ཀ་པེད་བཟོ་འགོ་བརྩམས། ཁྲོམ་རར་བཏོན་པའི་སི་སྐུད་ཀ་པེད་ཐོག་མ་དེ“ཐང་ག་དང་སི་སྐུད་ཟུང་འབྲེལ”གྱི་དམིགས་བསལ་བཟོ་ལྟ་ལས་བཟོས་མ་ཚར་གོང་ནས་ཚོང་ཤག་གིས་ཧབ་ཐོབ་བརྒྱབ། “སི་སྐུད་ལག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀ་པེད་ཀྱིས་བཀྲ་ཤིས་མཚོན་པ། ཐང་གས་བོད་ཀྱི་སྲོལ་རྒྱུན་རིག་གནས་མཚོན་པས་རིག་གནས་གསུམ་པོ་དེ་དག་བརྩམས་ཆོས་གཅིག་ལ་མཉམ་འདྲེས་ཡག་པོ་བྱུང་ཡོད”

    འཕགས་མོ་ཚེ་རིང་གིས་ལག་ཐོགས་ཁ་པར་ནས་བརྩམས་ཆོས་བསྟན་ཏེ་མིག་ནས་དགའ་སྤྲོའི་འོད་མདངས་འཕྱུར། “ཁྲོམ་རར་རིག་གནས་བསམ་བཀོད་ཀྱི་བརྩམས་ཆོས་མང་པོ་ཡོད། འོན་ཀྱང་མཉམ་འདྲེས་འདི་ལྟ་བུ་ནི་ང་ཚོ་རང་ཉིད་ཀྱིས་གསར་གཏོད་བྱས་པ་ཞིག་ཡིན། ཚོང་ཤག་གིས་དགའ་པོ་བྱེད་པ་ནི་ཁས་ལེན་ཡག་ཤོས་ཤིག་ཡིན”ཞེས་བརྗོད། ཁོང་གིས་མངོན་མིན་རིག་གནས་ཤུལ་བཞག་ནི“གསར་གཏོད”ཀྱི་རྩ་བ་དང་རྨང་གཞི་ཡིན་པས་མ་ཉམས་གོང་སྤེལ་དང་སློབ་སྦྱོང་ནན་ཏན་བྱེད་དགོས་ཤིང་། དེར་འབྲས་བུ་གང་ཞིག་འདོགས་པ་དང་འབྲས་བུ་ཇི་ལྟར་འདོགས་མིན་དེ་གསར་རྩོམ་པ་དང་སྤྱོད་མཁན་ལ་རག་ལུས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འཕགས་མོ་ཚེ་རིང་ནི་བྱ་དངོས་གསར་པ་འཛིན་པའི་ཚོར་བ་སྐྱེན་པོ་ཡོད། ཟླ་བ་འགའི་སྔོན་ལ་ཁོང་གིས་གསར་གཏོད་བྱས་པའི་གངས་རིན་པོ་ཆེའི་དབྱིབས་ཀྱི་སྤོས་ཕོར་དྲ་ཐོག་ཏུ་བྲིན་ཁ་ཅུང་རྒྱུག་པོ་བྱུང་ཞིང་། ཁོང་གིས“མངགས་ཐོ་མང་པོ་འབྱོར་ནས་སྐབས་ཤིག་རིང་ཐུམ་སྒྲིལ་བརྒྱབ་ནས་བསྐུར་རྒྱུར་བྲེལ་བ་ཧ་ཅང་ཆེ”ཞེས་བརྗོད།

    སི་སྐུད་ཀ་པེད་དང་སྤོས་ཕོར་ཡིན་ནའང་འདྲ། ཡང་ན་ཤོག་དྲས་ཀྱི་ཕོ་བྲང་པོ་ཏ་ལ་གང་ཡིན་རུང་། འཕགས་མོ་ཚེ་རིང་གིས་གསར་བཟོ་བྱེད་སྐབས་རྟག་ཏུ་རང་སྣང་གང་སྐྱིད་ཀྱི་རྣམ་པ་ཞིག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། ལག་ཏུ་ཡོད་པའི་སྨྱུ་གུ་རང་སྣང་དུ་སྒུལ་བ་དང་བརྐོ་ཆས་ལ་བརྟེན་ནས་རི་མོ་བརྐོ་སྐབས་རིག་པ་ཐོལ་སྐྱེས་གང་འདོད་ཀྱིས་འདོན་སྤེལ་ཐུབ་པ་དང་། རིག་པ་དབུལ་བའི་སྐབས་སུ་ཨུ་ཚུགས་གཏན་ནས་རྒྱག་གི་མེད།

    མཚོ་སྔོན་མི་རིགས་སློབ་ཆེན་དུ་ཁོང་གིས་སི་སྐུད་དང་། འཇིམ་བཟོ། ཐང་ག་བཅས་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་པ་དང་། བོད་ལྗོངས་སློབ་ཆེན་དུ་ཁོང་གིས་མཛེས་རྩལ་གཞུང་ལུགས་ལ་ཞིབ་འཇུག་བྱས། ཏན་ཏིག་གི་ལག་རྩལ་སྦྱོང་བརྡར་དང་རྒྱུན་མཐུད་ཀྱི་ཁྲོམ་རའི་ལྟ་ཞིབ་ནི་ཁོང་གིས“རང་དགར་གསར་གཏོད”བྱེད་ཕོད་པའི་གདེང་སྤོབས་རེད།

    ཁོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་དེ་ཤེལ་སྒོའི་འགྲེམས་སྒམ་ནང་མེད་པར། ཡང་ནས་བསྐྱར་དུ་བསམ་ཚོད་དང་དངོས་སུ་བེད་སྤྱོད་པའི་བརྒྱུད་རིམ་ཁྲོད་གནས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་དང་ཁོང་གི་ལག་ཤེས་བཟོ་ཁང་དེ་ལྷིང་འཇགས་ཁྲོད་ཀྱི་ས་ཚིགས་ཤིག་ཏུ་འགྱུར་བཞིན་ཡོད་དེ། དེ་སྐད་གྲགས་ཆེན་པོ་དེ་ཙམ་མེད་ཀྱང་རང་བཞིན་གྱི་འོད་ཟེར་ཞིག་འཕྲོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།