ཀ་བཤད་ཅོ་གའི་གྲེ་འགྱུར་ལས་། འཚོ་བའི་ཉམས་སྣང་རབ་ཏུ་གསལ་།
—— རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་འབྲོང་རྩེ་བ་ཉི་མ་དོན་གྲུབ་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།
ཀ་ར་སྣ་ཚོགས་འགྱིག་ཤོག་བརྡག་བརྡག་གཅིག ། ཁ་དྲོ་མཚོན་བྱེད་གྲོ་མ་རྒྱ་མ་གཅིག ། ག་བཏང་གོ་ཆོད་ཁ་བཏགས་བཞི་ཆག་གཅིག ། ང་རའི་གཟབ་སྤྲོས་བྱ་སྤུའི་སྟོད་ཐུང་གཅིག་ཅེས། ལོ་གསར་གྱི་ཉོ་ཆ་རྒྱག་པའི་སྐོར་བཞད་གད་མཚར་ཉམས་ལྡན་ལ་ཇི་མ་ཇི་བཞིན་དུ་བྲིས་པའི་ཀ་བཤད་འདི་རིགས་ཀྱིས་སེམས་སུ་བག་ཆགས་ཟབ་མོ་བཞག་པས་རྩོམ་པ་པོར་བཅར་འདྲི་ཞུ་འདོད་ཀྱི་བློ་འགོག་མེད་དུ་སྐྱེས།
ཉེ་ཆར། རྩོམ་པ་པོས་མཛད་བྲེལ་གྱི་བར་གསེང་ནས་ཁོམ་པ་བཙལ་ཏེ་ངེད་ཚོའི་བཅར་འདྲི་དང་ལེན་གནང་བ་ལྟར། གསར་འགོད་པས་ཁོང་གི་གཟིམ་ཤག་ཏུ་བསྐྱོད་ནས། སྤྱིར་ཁོང་གིས་རྒྱ་བོད་ཡིག་རིགས་གཉིས་ནས་་ཟློས་གར་འཁྲབ་གཞུང་གསར་རྩོམ་གཙོ་བོར་གནང་ཞོར། བོད་ཀྱི་རྩོམ་རིག་ཁྱབ་ཁོངས་སུ་སྒྲུང་གཏམ་དང་། གཞས་མ་གཏམ། དགོད་བྲོའི་གཏམ་གླེང་སོགས་གསར་རྩོམ་ཕོན་ཆེན་མཛད་པའི་བཞུད་ལམ་རིང་མོ་དང་། ཡང་སྒོས་ཐོལ་བྱུང་སྐབས་ཐོག་ལ་རྙེད་པའི་བརྗོད་བྱ་མང་པོ་བོད་ཀྱི་ཐུན་མིན་རྩོམ་ལུས་ཏེ། སྙན་འཇེབས་ལྡན་ལ་གོ་བདེ་བའི་ཀ་བཤད་རྩོམ་པའི་བརྒྱུད་རིམ་སྐོར་ལ་བཅར་འདྲི་ཞུས་པ་ཡིན།

ཉི་མ་དོན་གྲུབ་ལགས་ཀྱིས་རང་ཁྱིམ་གྱི་དཔེ་ཁང་ནང་དཔེ་དེབ་གཟིགས་བཞིན་པ།
ཉི་མ་དོན་གྲུབ་ལགས་ནི་གཙང་ལྗོངས་རྒྱལ་རྩེའི་ཡུལ་དུ་འཁྲུངས་པའི་ཞིང་པའི་བུ་ཕྲུག་ཅིག་ཡིན་པ་དང་། ཆུང་བྱིས་པའི་དུས་སུ་བ་རྫི་དང་རྟ་རྫི་གནང་ཞོར་ཨ་མ་ལགས་ཀྱིས་གསུངས་པའི་གཏམ་རྒྱུད་མང་པོ་དང་འགྲོགས་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཞེས་ཁོང་གིས་གསུངས། རྒྱལ་རྩེ་སློབ་འབྲིང་དུ་སློབ་སྦྱོང་གནང་སྐབས་ཚགས་པར་དང་དུས་དེབ་ཁག་ལ་སྦྱངས་རྩོམ་རེ་ཟུང་སྤེལ་མྱོང་བ་དེས་རྩོམ་རིག་ལ་བཅངས་པའི་དགའ་ཕྱོགས་དང་ཕུགས་འདུན་གྱི་ལམ་བུ་ཞིག་ཐོག་མར་ཐུགས་རྒྱུད་ལ་འཁྲུངས། སྐབས་དེ་ཤེད་ལ་སྤེལ་མེད་པའི་རྩོམ་ཡིག“སྦྱངས་རྩོམ་བྱིས་པ་དགྱེས་པའི་རོལ་དབྱངས”དང“འདབ་བརྒྱའི་རླུང་བཞོན”སོགས་ཀྱང་དེབ་གཟུགས་ཆུང་ངུར་བསྒྲིགས་ཏེ་ད་བར་གཡང་རྟེན་བཞིན་དུ་ཉར་ཚགས་གནང་འདུག དེ་ནས་རིམ་བཞིན་རྒྱལ་རྩེ་སློབ་འབྲིང་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། ཧྲང་ཧའེ་ཟློས་གར་སློབ་གྲྭ་ཆེན་མོ་སོགས་སུ་རྩོམ་རིག་དང་འཁྲབ་གཞུང་སྐོར་གྱི་རིགས་པའི་གཞུང་ལུགས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས། ཁོང་གི་ཤེས་བྱའི་མཁྱེན་རྒྱ་ཇེ་ཡངས་དང་རྩོམ་འབྲིའི་ཁོ་ལག་ཇེ་ཆེར་རྒྱས།
སློབ་གྲྭ་ཆེན་མོ་ཐོན་པ་ནས་ད་བར་མི་ལོ་སུམ་ཅུ་ལྷག་ཙམ་རིང་། ཁོང་གིས་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར་འཁྲབ་གཞུང་གསར་རྩོམ་གྱི་བགྱི་བ་ལྷུར་བཞེས་ཤིང་། སྔ་ཕྱིར《བརྩེ་སེམས་ཁྱབ་པའི་རྩྭ་ཐང》དང་། 《རྫོང་རིའི་བླ་སྲོག》 《བཀྲ་ཤིས་སྒང》སོགས་པའི་གར་སྟེགས་ཀྱི་འཁྲབ་གཞུང་ཆེ་གྲས་དྲུག་དང་། རྒྱ་ཆེའི་གཟིགས་མོ་བས་ཤིན་ཏུ་མཉེས་པོ་གནང་ལ་ལོ་རེའི་བོད་ཀྱི་ལོ་གསར་མཚན་ཚོགས་ཐོག་འཁྲབ་སྟོན་བྱེད་པའི་འཁྲབ་ཚན་ཐུང་གྲས《ཧ་ལོ། བཀྲ་ཤིས་བདེ་ལེགས》དང་། 《ཁྲོམ་རའི་ཟུར་གཅིག》 《སེམས་པ་བཟང་ན་ས་དང་ལམ་ཡང་བཟང》སོགས་ཀྱི་འཁྲབ་ཚན་ཐུང་གྲས་བརྒྱ་ལྷག་ཙམ། དེ་མིན་བོད་ཀྱི་ཆེས་ཐོག་མའི་བོད་སྐད་རྒྱུན་མཐུད་བཞད་གད་འཁྲབ་ཚན《སྤྲོ་སྣང་ལྡན་པའི་འཚོ་བ》 སྒྲུང་གཏམ་བརྩམས་ཆོས《ལྷ་སའི་རྨི་ལམ》སོགས་བརྩམས་ཆོས་རྩེར་སོན་ཉིས་བརྒྱ་ལྷག་ཙམ་རྒྱ་ཆེའི་མང་ཚོགས་ཀྱི་མིག་ཡིད་རྣ་བའི་དགའ་སྟོན་དུ་བཤམས།
སྐབས་སུ་བབས་པ་བོད་ཀྱི་ཐུན་མིན་རྩོམ་ལུས་ཀ་བཤད་ནི་བོད་ཀྱི་རྩོམ་རིག་གི་རྒྱ་མཚོ་ཆེན་པོ་ལས་བྱ་དཀའ་བའི་སྒྲ་རྒྱན་ཁོངས་སུ་གཏོགས་ཞེས་ཁོང་གིས་གསུངས་པ་དང་། དེའི་གསར་རྩོམ་སྐོར་གླེང་སྐབས། ཁོང་གིས་ཉེ་བའི་ལོ་ཤས་རིང་ཀ་བཤད་བཞི་བཅུ་ནས་ལྔ་བཅུ་ཙམ་བརྩམས་གནང་བ་དང་། དེ་དག་ལས་འགའ་ཤས་ནི་བྱ་དངོས་གང་ཞིག་མཐོང་ལམ་དུ་ཤར་མུར་ཁ་རྩོམ་ལྟར་རིག་པའི་ཀློང་ལས་བརྡོལ་བ་སྟེ། དཔེར་ན། ན་ནིང་ལ་སྟོད་ལྷོར་ས་ཡོམ་གྱི་འཇིགས་པ་དྲག་པོ་འཕྲད་སྐབས། ཅ་ཅོ་འུར་ཟིང་མེད་པའི།། དབེན་འཇམ་ཞོགས་པ་དེ་ལ།། ཆ་ཡོད་དིང་རིའི་མི་རྣམས།། ཉིན་དེའི་ལས་འགོ་རྩོམ་དུས།། ཇ་ཕོར་ཁ་ལ་རེག་པའི།། ཁོམ་པ་ཙམ་ཡང་མ་བྱུང་།། ཉ་ཆེན་སྤེན་པ་འགུལ་ནས།། ས་གཞི་མཚོ་ལྟར་གཡོས་བྱུང་ཞེས་རིགས་མཐུན་སྤུན་ཟླར་གདུང་སེམས་མཉམ་སྐྱེད་གནང་བ་དང་། ཐེངས་དང་པོར་ཇོ་མོ་གླང་མའི་འགྱིང་ཉམས་འདྲེན་བྱེད་དབང་པོའི་ཡུལ་དུ་འཆར་སྐབས། ཧ་ཅང་བརྗིད་པའི་སྐུ་དང་ལྡན་པ་ཇོ་མོ་བཀྲ་ཤིས་ཚེ་རིང་མ།། ཧ་ཅང་མཛེས་པའི་བཞིན་དང་ལྡན་པ་ཇོ་མོ་མཐིང་གི་ཞལ་བཟང་མ།། ཧ་ཅང་བཟང་བའི་ཐུགས་དང་ལྡན་པ་ཇོ་མོ་མི་གཡོ་བློ་བཟང་མ།། ཧ་ཅང་སྙན་པའི་གསུང་དང་ལྡན་པ་ཇོ་མོ་ཅོད་པན་མགྲིན་བཟང་མ་ཞེས་སེམས་འགུལ་ཚད་མེད་ཐེབས་ཚུལ་བརྗོད་པ། ན་ནིང་ལྷ་སར་ཁ་བ་ཐེངས་གཉིས་པ་བབས་རྗེས། ཁོང་ཉིད་ནོར་བུ་གླིང་གའི་ཕྱོགས་སུ་སྐྱོད་སྐབས། པ་གོར་བཻ་རོ་ཙ་ན་ལ་སོགས་སྔོན་བྱོན་མཁས་པས་གཙོ་བྱས་པའི།། ཕ་མེས་དྲིན་ཅན་ཁྲི་སྟོང་མང་པོའི་གོམ་རྗེས་ཁོ་ན་མ་ངོམས་པར།། བ་སོ་ལྟ་བུའི་གངས་ཀྱི་སྟེང་ལ་རྐང་རྗེས་གསར་པ་འཇོག་པ་བཞིན།། མ་བཟང་བུ་དང་བུ་མོ་རྣམས་ཚོས་བགྲོད་རྗེས་གསར་པ་འཇོག་པར་མཛོད་ཅེས་ལྷ་སར་ཁ་བ་བབས་པ་དང་འབྲེལ་བོད་ཀྱི་ན་གཞོན་ཚོར་རྙིང་ཞེན་བག་འཁུམས་ཀློང་དུ་མ་ཚུད་པར། ལམ་བུ་གསར་པ་གཏོད་དགོས་པའི་བཀའ་སློབ་གནང་། འགའ་ཤས་ནི་མཚམས་རེ་བློ་ཡུལ་དུ་གནས་ལུགས་ཁྱད་མཚར་རེ་འཆར་སྐབས་སྨྱུག་རྩེ་ལས་ཐོན་པ་སྟེ། དཔེར་ན། པ་ཏྲའི་ཚོས་གཞི་ཆུ་ཡིས་སྡེབ་ཀྱང་མཛེས་པ་ངོམས་དུས་དེས་མི་རྩོད།། ཕ་ལམ་བརྡར་དུས་ཆུ་ཡིས་བྱས་ཀྱང་འོད་མདངས་ངོམས་དུས་དེས་མི་རྩོད།། བ་གམ་ཁང་བཟང་ཆུ་ཡིས་སྦྱར་ཡང་བརྗིད་ཉམས་ངོམས་དུས་དེས་མི་རྩོད།། མ་གནས་ཆུང་ལ་དགོས་མཁོ་ཆེ་བ་ཆུ་ལས་ལྷག་པ་གང་ཞིག་ཡོད་ཅེས་ཆུ་ཡི་རང་བཞིན་བཟང་པོར་བསྟོད་པ་འབུལ་བ་དང་། འགའ་ཤས་ནི་སྔར་སོང་གི་འཚོ་བར་ཕྱིར་དྲན་བྱས་པ་སྟེ། དཔེར་ན། ཞ་ཏོག་ལྟ་བུའི་གྱི་ལིང་དེ་ལ་མྱང་སྟོད་ཆུས་ཀྱི་ཝ་ལ་ཟེར།། ཟ་འོག་ཕར་ཕྱིན་བརྒྱབ་པ་འདྲ་བའི་ལུང་དམར་རགས་པ་རྟ་བྱད་བཟང་།། འ་ཅག་འབྲོང་རྩེའི་དབང་རྒྱལ་ཞེས་པའི་རྟ་མཆོག་དེ་ཡང་སྐད་གྲགས་ཆེ།། ཡ་མེད་བསམ་གཏན་རྐྱང་པོ་དེ་ནི་ཁྲོམ་སྡེ་ཆུས་ཀྱི་སྤོབས་པ་ཡིན་ཞེས་ཁོང་གིས་ལོ་རབས་བརྒྱད་ཅུའི་རྒྱལ་རྩེའི་མདའ་མང་དུས་ཆེན་གྱི་རྣམ་པ་དྲན་པ་དང་། དེ་ལས་མ་འོངས་ལོ་ཟླར་དུས་ཆེན་འདིའི་བྲོ་བ་མི་ཤོར་བའི་འདུན་པ་དྲག་པོ་མཚོན་ཞིང་། ཁ་རྒྱུན་དུ་ཀ་བཤད་འབྲི་མཁན་ཚིག་མཛོད་འདྲ་ཞེས་པ་ལྟར། གོང་གི་ཀ་བཤད་འདི་དག་ལས་ཁོང་ནི་རྣམ་དཔྱོད་ལྡན་ལ་མཁྱེན་རྒྱ་ཡངས་པའི་རྩོམ་པ་པོ་ཞིག་ཡིན་པ་རྟོགས་ཐུབ།

ཉི་མ་དོན་གྲུབ་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།
ཉི་མ་དོན་གྲུབ་ལགས་ཀྱིས། དེང་གི་དྲ་རྒྱའི་དུས་སྐབས་སུ། ཀ་བཤད་སོགས་བརྩམས་ཆོས་གང་འདྲ་ཞིག་སྤེལ་ནའང་། སྤྱིར་བརྩམས་ཆོས་གང་དེའི་ནང་དོན་གལ་ཆེན་པོ་ཡིན་རུང་། དེའི་རྣམ་པའང་ཤིན་ཏུ་གལ་ཆེ་སྟེ། རྣམ་པ་མེད་ན་མིག་དབང་ག་ལ་འཕྲོག་ཅེས་ཁོང་གིས་ཀ་བཤད་རྩོམ་པའི་མྱོང་བའི་སྐོར་ལ་འདི་ལྟར་གསུངས་ཤིང་། དཔེར་ན། སློབ་གྲོགས་འཛོམས་དུས་ལ་བྲིས་པའི་ཀ་བཤད་དབྱངས་ལྡན་མ་དང་། ཆུང་དུས་རྒྱལ་རྩེ་མདའ་མང་དུས་ཆེན་ལྟ་ཚུལ་དྲན་པ་ལྟ་བུ་དེ་དང་དེ་ལ་སོགས་པ་ནི་དྲ་ལམ་ཐོག་བརྒྱུད་བསྐུར་བྱེད་མཁན་མང་བའི་རྩོམ་ཡིག་ཏུ་གྱུར་ཡོད།
འབྲེལ་ཡོད་དཔྱད་གཞི་ལྟར་ན། བོད་ཀྱི་ལོ་རྒྱུས་ཐོག་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་ཀ་བཤད་རྩོམ་པའི་སྲོལ་ཡོད་པ་དང་། ལྷག་པར་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཀ་ལེབ་དྲུང་ཡིག་དང་། སྐྱིད་ཟུར་ལགས། དགེ་འདུན་ཆོས་འཕེལ་སོགས་ཀྱིས་གཙོས་པའི་མཁས་དབང་དུ་མའི་སྨྱུག་རྩེ་ལས་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པར་སུན་འབྱིན་གྱི་མདའ་མོ་འཕེན་པའི་ཀ་བཤད་དང་། ཡུལ་གྱི་བཀོད་པ་ལེགས་པོར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་ཀ་བཤད། ཕ་མས་བུ་ཕྲུག་ལ་གདམས་ངག་གི་གྲུ་ཆར་ཕབ་པའི་ཀ་བཤད་སོགས་ཀ་བཤད་རབ་དང་རིམ་པ་ཐོན་མྱོང་བ་ཤེས་རྟོགས་བྱུང་།
གསར་འགོད་པས་བཅར་འདྲི་ཞུ་ཡུལ་ཤེལ་ཁང་གི་གྱང་ལྡེབས་སུ་གྲལ་བསྒྲིགས་ནས་བཀལ་བའི་གོས་ཐང་ལ་ལྟ་དུས། ཁོང་གིས་ཁེངས་སྐྱུང་དང་བཅས་རང་བློ་རྣལ་དུ་ཕབ་སྟེ་སྨྱུག་ཁ་མ་ལྷོད་པར་དག་སྙོམས་མཛེས་གསུམ་གྱི་བླང་བྱ་ལྟར་ཀ་བཤད་བརྩམས་ཆོས་རྣམས་གོས་ཐང་ལ་བྲིས་ཏེ་ཤེལ་ཁང་གི་མཐའ་བཞི་ཡོངས་སུ་ཁྱབ་པའི་སེམས་ཤུགས་ཡོད་ཅེས་གསུངས། མ་གཞི་ཁོང་གི་བརྩམས་ཆོས་རེ་རེའི་རྒྱབ་ཏུ་གཏམ་རྒྱུད་མང་པོ་སིམ་ནས་ཡོད་ཀྱང་། ད་ཐེངས་བརྗོད་བྱའི་དགོས་པའི་དབང་གིས་འདི་དག་ལས་འགོད་ཐུབ་མ་སོང་། མཇུག་ཏུ་ངེད་ཚོས་ཁོང་ལ་གསར་རྩོམ་གྱི་མཛད་འཕྲིན་ལམ་ལྷོངས་དང་བཅས་སྐུ་འཚོ་གསལ་ཐང་གི་སྨོན་འདུན་ཞུས་ཏེ་བཅར་འདྲི་མཇུག་སྒྲིལ་བ་ཡིན།

ཉི་མ་དོན་གྲུབ་ལགས་ཀྱི་བརྩམས་ཆོས།
གསར་འགོད་པ། བསྟན་འཛིན་རྣམ་རྒྱལ། དཔལ་མཆོག ཆོས་བཟང་།
འབྲེལ་ཡོད་གསར་འགྱུར།