ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་སློབ་གསོར་གཙིགས་ཆེན་བྱེད་དགོས་པའི་སྐོར་རགས་ཙམ་གླེང་བ།
དུས་རབས་གསར་པའི་ཞིང་འབྲོག་ཁུལ་གྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ནི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འགན་ལེན་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་ལྗོངས་ཡོངས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཚད་ལྡན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཞིག་བཅས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད། བོད་ཀྱི་ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་འཛུགས་པར་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་དོན་དངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བསམ་བློ་ཆབ་སྲིད་སློབ་གསོའི་དམིགས་འབེན་ཁ་གསལ་བཟོ་དགོས་པ་དང་བསམ་བློ་ཆབ་སྲིད་སློབ་གསོའི་དཔུང་ཁག་ལེགས་སུ་གཏོང་བ། བསམ་བློ་ཆབ་སྲིད་ལས་ཀའི་བྱ་ཐབས་གསར་གཏོད་བྱ་དགོས་པ། བསམ་བློ་ཆབ་སྲིད་ཀྱི་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བཅས་བྱེད་དགོས་པས། གཤམ་ལ་དེའི་ཐད་རང་གི་ལྟ་ཚུལ་འགའ་ཞིག་གླེང་བར་བྱའོ།
དང་པོ། བོད་ཀྱི་ཞིང་འབྲོག་ཁུལ་གྱི་བསམ་བློ་ཆབ་སྲིད་སློབ་གསོའི་དམིགས་འབེན་ཁ་གསལ་བཟོ་དགོས།
གཅིག མིག་སྔའི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་བསམ་བློ་ཆབ་སྲིད་སློབ་གསོའི་ཆབ་སྲིད་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མ་ལག་ལ་བརྟེན་ནས་ཞིང་འབྲོག་ཁུལ་དུ་གནས་པའི་བསམ་བློའི་རླབས་རྒྱུན་སྣ་ཚོགས་ལ་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་ཞིང། ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་བེད་སྤྱད་དེ་བོད་ཁུལ་གྱི་ཞིང་འབྲོག་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ། སྔོན་ཐོན་རིག་གནས་སྦྱོང་བའི་སློབ་གསོ་བཅས་བྱ་རྒྱུ་དང་། དེ་བཞིན་ཞིང་འབྲོག་པའི་ཡང་དག་པའི་ཕུགས་འདུན་དད་སེམས་བརྟན་པོ་ཡོང་བར་ཁྲིད་སྟོན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུཌ་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་དགོས།
གཉིས། རྒྱ་ཆེའི་ཞིང་འབྲོག་པར་ཐུན་མོང་གི་ཕུགས་བསམ་དང་བསམ་པའི་སྲོག་ཤིང་ཆགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཞིང་འབྲོག་པའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ནས་ཞིང་འབྲོག་པར་རིག་གནས་ལྡན་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་བྱེད་ཐུབ་པ་བཅས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ཏུ་འགྱུར་བར་སྐུལ་ལྕག་བྱེད་དགོས།
གསུམ། བསམ་བློ་ཆབ་སྲིད་སློབ་གསོའི་མཐུན་སྦྱོར་དང་འབྲེལ་གཏུག་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་འབྲོག་པའི་བདག་པོའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ་དང་བོད་ཀྱི་གྲོང་གསེབ་ལ་དོ་དམ་ནུས་ལྡན་ཡོང་བར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།
གཉིས་པ། བསམ་བློ་ཆབ་སྲིད་ཀྱི་ལས་དོན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
གཅིག གཞི་རིམ་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། ཤང་དང་གྲོང་རྡལ་ཏང་ཨུད་དང་། གྲོང་ཚོ་དང་སྡེ་ཁུལ་ཏང་ཀྲི་པུའུ། གྲོང་ཚོ་དང་སྡེ་ཁུལ་གྱི་ལས་དོན་མི་སྣ། གཞི་རིམ་བཅའ་སྡོད་ལས་ཁུངས་ཀྱི་མི་སྣ་བཅས་ལ་སློབ་གསོ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
གཉིས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་སློབ་ཆེན་སློབ་མའི་“གྲོང་དཔོན་”འདེམས་བསྐོ་བཀོད་སྒྲིག་ཡང་དག་བྱེད་དགོས། ཁོང་ཚོའི་རིག་གནས་ཀྱི་ཆུ་ཚད་དང་། ལས་ཀའི་སྤྲོ་སེམས་མཐོ་བ། བྱ་དངོས་གསར་པར་དང་ལེན་བྱེད་པའི་ནུས་པ་སོགས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ། ལས་གནས་སུ་སྦྱོང་བརྡར་མང་ཙམ་སྤྲོས་པ་དང་། ལས་འགན་མང་ཙམ་སྤྲད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་ལས་འགན་ལྕི་པོ་ཏན་ཏིག་འཁུར་དུ་འཇུག་དགོས།
གསུམ། ཕུལ་བྱུང་ཤེས་ལྡན་མི་སྣ་སྣ་ཚོགས་བསྡུ་ལེན་བྱ་རྒྱུར་མཐོང་ཆེན་བྱེད་དགོས། གྲོང་གསེབ་ཀྱི་ཏང་ཡོན་དང་། ཕྱུག་འགྱུར་འཇོན་ཐང་མི་སྣ། གྲོང་གསེབ་དར་རྒྱས་ཆེད་བསྐོས་པ། དེ་བཞིན་ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་ཀྱི་སྣེ་ཁྲིད་པ་བཅས་གྲོང་གསེབ་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་དཔུང་ཁག་ནང་བཅུག་ནས་ཁོང་ཚོའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་སློང་བྱེད་དགོས།
གསུམ་པ། བསམ་བློ་ཆབ་སྲིད་ཀྱི་ལས་ཀའི་བྱ་ཐབས་གསར་གཏོད་བྱེད་དགོས།
གཅིག ཁྱོན་ཡོངས་ལ་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་ལས་འགན་དང་བསྟུན་ནས་སྤེལ་བ་དང་། སློབ་གསོའི་གཅིག་གྱུར་འཆར་འགོད་ལ་དམ་འཛིན་བྱེད་པ། སློབ་གསོ་འཐབ་ཕྱོགས་དང་པོར་འཛིན་པ། སློབ་གསོ་མང་ཚོགས་ལ་བརྟེན་པ་བཅས་མཐའ་འཁྱོངས་བྱེད་དགོས།
གཉིས། རྩོད་སྒྲུབ་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོའི་འཆར་གཞིའི་ཐད། སྤྱི་སྒྲོམ་དགོས་ཀྱང་བརྒྱ་གོ་གཅིག་ཆོད་མ་ཡིན་པ། སློབ་གསོའི་དུས་སྐབས་ཐད། སྐབས་འཕྲལ་ཡིན་ཡང་སླ་བཅོས་མ་ཡིན་པ། ང་ཚོས་གནས་སྐབས་ཚོགས་ཆུང་བཙུགས་ནས། ཐབས་ལམ་མི་འདྲ་བ་ནས་སློབ་གསོ་སྤེལ་བ་དང་། དེ་བཞིན་ཐབ་ཆུང་ཡང་མེ་ཚ་པོ་ཞེས་པ་ལྟར་མིག་སྔའི་གནས་བབ་དང་ལས་འགན་ལ་བསྟུན་ནས་ཞིང་འབྲོག་པའི་དགོས་མཁོ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་ཤིང་གཙོ་གནད་མངོན་གསལ་དོད་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་བཀོད་སྒྲིག་བྱེད་དགོས།
གསུམ། གསར་གཏོད་ལྡན་པའི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཆ་འཕྲིན་དྲ་རྒྱ”སྤྱད་དེ་སྟབས་བསྟུན་ངང་སློབ་ཁྲིད་བྱས་ཏེ། དུས་བཀག་སློབ་སྦྱོང་དེ་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་པར་བསྒྱུར་དགོས། དེང་རབས་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ། སློབ་སྦྱོང་སྟོབས་ཤུགས་ཆེ་རུ་གཏོང་བའི་སྟེགས་བུ་དང་། ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས། རྒྱང་ཁྲིད་སློབ་གསོའི་ས་ཚིགས། གྲོང་ཚོ་རིམ་པའི་དཔེ་ཁང་སོགས་ལ་བརྟེན་ནས། ཏང་གི་སློབ་ཚན་དང་། ལག་རྩལ་བརྙན་ཐུང་། སྲིད་ཇུས་ཀྱི་རིས་འགྲེལ་སོགས་སློབ་སྦྱོང་ཐོན་ཁུངས་ཁྱབ་གདལ་བཏང་སྟེ། ཡུལ་དུས་ཀྱི་ཚད་བཀག་མེད་པར་ཞིང་འབྲོག་པའི་དུས་ཚོད་ཁོམ་པ་སྤྱད་ནས་རང་ངོས་སློབ་སྦྱོང་བྱེད་པར་སྟབས་བདེ་བསྐྲུན་ཏེ་སློབ་སྦྱོང་སློབ་གསོ་ཡོངས་ཁྱབ་དང་རྒྱུན་ཆད་མེད་པར་སྤེལ་དགོས།
མདོར་ན། བོད་ཀྱི་ཞིང་འབྲོག་པའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ནི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་འགན་ལེན་དང“སྲོག་རྩ”ཡིན་པས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་སྲིད་ཇུས་སོགས་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ཁྱབ་པ་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་བྱང་ཚད་དང་། ཀུན་སྤྱོད་ཆུ་ཚད། ལག་ལེན་ནུས་པ་བཅས་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་ཞིང་འབྲོག་ཁུལ་རྒྱུན་མཐུད་འཕེལ་རྒྱས་དང་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།
(འདམ་གཞུང་རྫོང་ཨུད་ཏང་གི་སློབ་གྲྭའི་བསོད་ནམས་ཕུན་ཚོགས)
འབྲེལ་ཡོད་གསར་འགྱུར།