དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་གྱི་དུས་བཞིའི་རྣམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ངག་དབང་ཡེ་ཤེས།   |     སྤེལ་དུས།  2026-03-29

    ང་ཡི་ཕ་ཡུལ་ལ་ཐོག་བརྩེགས་ཅན་གྱི་མཁར་ཆེན་སོགས་དེང་རབས་རྣམ་པས་བརྒྱན་པའི་བཟོ་རྩལ་མེད་ཀྱང་། རི་བོ་མཐོ་ཞིང་བརྗིད་ཉམས་ལྡན་ལ། མཁའ་རླུང་གཙང་ཞིང་ཡུལ་ལྗོངས་ལྟ་ན་སྡུག་པས། སྐྱེ་བོ་ཀུན་གྱི་ཡིད་སེམས་དབང་མེད་དུ་འཕྲོག་པར་བྱེད།

    ཕ་ཡུལ་གྱི་རྒྱབ་ཕྱོགས་གངས་དཀར་ལྷུན་པོས་བསྐོར་ཞིང་། རི་གཤམ་ནས་དྭངས་ཤིང་གཙང་བའི་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་དང་མདའ་ན་འབྲུ་རིགས་སྣ་ལྔའི་ཞིང་ཐང་ཆགས་ཡོད།

    དཔྱིད་ཀ་ཤར་ཚེ་དྲོད་རླུང་དལ་གྱིས་ལྡང་བས་དགུན་གྱི་འཁྱགས་རོམ་རིམ་བཞིན་བཞུར་ནས་ཆུ་ཕྲན་ལྷུང་ལྷུང་དུ་བབས་ཤིང་། དགུན་གྱི་དུས་སུ་འདབ་ལོ་སེར་པོར་གྱུར་པའི་རྩྭ་དང་རྩི་ཤིང་དག་ལ་གསོན་ཤུགས་རབ་ཏུ་རྒྱས་ཏེ་སྔོ་ལྗང་གི་འདབ་ལོ་གསར་པ་འབུས་པར་བྱེད། དགུན་ཉལ་བྱེད་པའི་སྲོག་ཆགས་ཀུན་ཀྱང་རྨོངས་གཉིད་ལས་སད་མ་ཐག་པའི་ཕྲུ་གུ་ཞིག་དང་འདྲ་བར་དགའ་མཆོང་རྒྱག་བཞིན་དཔྱིད་ཀྱི་དཔལ་ཡོན་ལོངས་སུ་སྤྱོད་བཞིན་འདུག སོ་ནམ་པ་ཚོའི་བཞིན་ལ་འཛུམ་གྱིས་ཁེངས་ནས་བྲེལ་ཟིང་ཆེ་བའི་དཔྱིད་རྨོད་ལས་ལ་བྲེལ་བཞིན་སྣང་།

    དེ་ནས་རིམ་བཞིན་རི་ཀླུང་སྒང་གཤོང་མེད་པར་གཡུ་ཡི་ན་བཟའ་བཀླུབས་པར་མེ་ཏོག་སྣ་ཚོགས་ཀྱི་ཕྲ་རྒྱན་བཏབ་པ་ལྟ་བུའི་དབྱར་གྱི་མཛེས་མ་དེ་ཕེབས་བྱུང་། གཡུ་ལྟར་སྔོ་བའི་སྤང་ལྗོངས་ནེའུ་གསིང་སྔོན་མོའི་སྟེང་དུ་ནམ་མཁའི་སྐར་ཚོགས་ས་གཞིའི་ངོས་སུ་འཕོས་པ་ལྟར་གྱི་ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུ་དྲི་ཞིམ་བཅུད་ལྡན་གྱི་རྩྭ་ཆུར་རོལ་བས་ཤ་ཤེད་རབ་ཏུ་རྒྱས་ཏེ་འཕག་མཆོངས་རྒྱག་བཞིན་རྩེད་དགའི་རྭ་རྩེད་འགྲན་པར་བྱེད།

    ནམ་མཁའ་སྔོ་ཞིང་ཆུ་བོ་རབ་ཏུ་དྭངས། རི་ཀླུང་ཡོངས་ལ་གསེར་ཞུན་གྱི་ཁུ་བ་བྱུགས་པ་ལྟར་སེར་ཐིང་ངེར་སྣང་ལ། བསིལ་རླུང་དལ་བུར་ལྡང་བས་ལྕང་མའི་ལོ་མ་དག་རིམ་བཞིན་རླུང་བུའི་འགྲོས་དང་བསྟུན་ནས་གར་སྟབས་ལིང་ལིང་དུ་ས་ལ་ལྷུང་བཞིན་འདུག སོ་ནམ་པ་ཚོའི་བཞིན་ལ་འཛུམ་མདངས་ཀྱིས་ཁེངས་བཞིན་སྟོན་ལས་ལ་བྲེལ་བཞིན་འདུག་ལ། ཨ་ཁུ་འབྲོག་པ་ཚོ་ཡང་སྙན་པའི་ལ་གླུ་ལེན་བཞིན་གཟན་རྩྭ་བརྔ་བ་ལས་དགུན་སྒྲོལ་གྱི་གྲ་སྒྲིག་བྱེད་བཞིན་པ་གསལ་པོར་མངོན།

    ནམ་མཁར་ཁྲུང་ཁྲུང་ཁྱུ་དང་ཁྱུ་རུ་སྟར་བསྒྲིགས་ཏེ་ལྷོ་ཕྱོགས་སུ་འཕུར་བཞིན་པ་ལས་གྲང་རེག་ཆེ་བའི་དགུན་དུས་དེ་རིམ་བཞིན་སླེབས་གྲབས་ཡོད་པའི་བརྡ་སྟོན།

    དགུན་ཁར་ཕ་ཡུལ་གྱི་མཐའ་བཞིའི་རི་བོ་དེ་དག་རབ་དཀར་ཁ་བས་ཡོངས་སུ་བཏུམས་པས། གྱད་མི་ཞིག་དང་འདྲ་ལ་ཁ་བའི་ཁྲོད་ཀྱི་གསོམ་སྡོང་དེ་དག་ནི་གོས་དཀར་གྱོན་པའི་ལྷའི་ཕོ་ཉ་ཞིག་དང་འདྲ་བར། གྲང་ངར་ལ་མི་འཇིགས་ཤིང་ཉིན་མཚན་མེད་པར་སྡོང་ཆུང་གསར་སྐྱེས་རྣམས་བྱམས་ཀྱིས་སྐྱོང་བར་བྱེད། གསོམ་སྡོང་གིས་ཁ་བའི་གདུགས་དཀར་ཕུབ་ནས་རི་ཁུལ་གྱི་སྲོག་ཆགས་ཆུང་ཆུང་རྣམས་ལ་གྲང་ངར་འགོག་པ་དང་ཡང་མཚུངས།

    སྨྲས་པ།

    ནོར་འཛིན་དགའ་མས་སྔོ་ལྗང་ན་བཟའ་བཀླུབས། ། སྦྲང་ཆར་ཟིལ་མས་སྐྱེ་དངོས་གསོན་ཤུགས་སྦྱིན། །མཐའ་ཡས་སྤང་ལྗོངས་སྔོ་ལྗང་ཅན་དུ་འགྱུར། །སྐྱེ་སྟོབས་དཔལ་གྱིས་འབར་བའི་དུས་བཟང་དཔྱིད། །སྔོ་ལྗང་ལྗོན་ཤིང་གཡུ་ལོ་རབ་ཏུ་རྒྱས། །ལུག་ཁྱུ་སྤང་ཐང་སྔོན་མོའི་རྩྭ་ཆུར་རོལ། །དེ་དག་སྐྱོང་བྱེད་ཨ་ཕོ་ལུག་རྫི་རྣམས། །དགའ་བའི་འཛུམ་གྱིས་སོ་ཕྲེང་གང་སར་ངོམ། །ཤིང་འབྲས་སྡོང་པོར་ཞིམ་མངར་འབྲས་བཟང་སྨིན། །ཞིང་ཐང་གྲུ་བཞིར་སྙེ་མའི་རྦ་རླབས་འཕྱུར། ། སོ་ནམ་པ་ཚོས་བཙས་གཞས་ལེན་བཞིན་དུ། །ལོ་ལེགས་འབྲས་བཟང་བསྡུ་བར་བྲེལ་ཞིང་འཚུབ། །དབེན་འཇམ་དགུན་གྱི་གསེར་ལྡན་དགའ་མ་ཡིས། །གྲང་ངར་འགོག་ཆེད་ཁ་བའི་གོས་དཀར་གྱོན། །རབ་མེད་ཆུ་བོར་སྲ་བའི་དར་ཟམ་ཆཊ། ། དངུལ་མདོག་དགུན་གྱི་མཛེས་པ་ཨེ་མ་མཚར། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།