བོད་ཀྱི་ཁ་བྱང་གཅིག་པའི་བརྩམས་སྒྲུང《གྲོང་ཁྱེར་གྱི་འཚོ་བ》དང་འབྲེལ་བའི་དམའ་རིམ་རྩོམ་རིག་ལ་དཔྱད་པ།
དང་པོ། དམའ་རིམ་རྩོམ་རིག་གི་དོན་བརྗོད་ཀྱི་མཐོང་སྣེ།
མཐོང་སྣེ་ནི་ཀློག་པ་པོ་སྣེ་ཁྲིད་མཁན་དང་རྩོམ་པ་པོའི་མིག་ལྟ་བུ་ཡིན། མཐོང་སྣེ་ཡིས་རྩོམ་གྱི་ཟབ་ཚད་མཚོན་ལ། དེས་རྩོམ་པ་པོས་ང་ཚོར་ཅི་ཞིག་སྟོན་འདོད་པ་དེ་གཏན་འཁེལ་བྱེད་བཞིན་ཡོད། དེ་བས། མཐོང་སྣེ་ངེས་ཅན་ཞིག་བརྒྱུད་ཀློག་པ་པོའི་བློ་ངོར་མཇུག་འབྲས་ཁག་གཉིས་འཆར་བཞིན་ཡོད་དེ། གཅིག་ནི་རྩོམ་པ་པོས་སྟོན་འདོད་པ་དེའམ་རྩོམ་པ་པོས་མཐོང་སྣེ་དེ་བརྒྱུད་ནས་ཀློག་པ་པོར་ཅི་ཞིག་བརྗོད་འདོད་པ་དེ་ཤེས་རྟོགས་ཐུབ་པ་དང་། གཅིག་ནི་ཀློག་པ་པོ་རང་ངོས་ནས་འཚོལ་ཞིབ་དང་རྒྱུས་ལོན་ཐུབ་པའི་ནང་དོན་དེ་གཉིས་ཡིན།
པདྨ་ཚེ་བརྟན་གྱི《གྲོང་ཁྱེར་གྱི་འཚོ་བ》དང་རང་སྒྲ་ཡི《གྲོང་ཁྱེར་གྱི་འཚོ་བ》གཉིས་ནི་ཀུན་མཁྱེན་གྱི་མཐོང་སྣེ་ནས་བྲིས་པ་ཞིག་རེད། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ལས་གཡུང་དྲུང་ནི་བག་འཁུམས་ཤིང་དཔའ་ཞུམ་པའི་སྣང་བརྙན་ཞིག་སྟེ། ནང་སེམས་ཀྱི་སྡུག་བསྔལ་དེ་ཁོག་ཏུ་སྦས་ནས་སྡོད་མཁན་ཞིག་རེད། དེས་ཁོ་ནི་ཡུལ་གྱར་བ་ཞིག་ཡིན་ལ་ཁྱིམ་ཚང་གི་རྒྱབ་ལྗོངས་ཞན་པས་སྨྲ་བརྗོད་ཀྱི་དབང་ཆ་མེད་པ་ལྟ་བུའི་ཚོར་བ་སྐྱེ་རུ་འཇུག་ལ། དམའ་རིམ་མི་སྣ་དག་དཀའ་སྡུག་གི་འོག་ན་ཁ་རོག་གེར་བསྡད་ཡོད་པའི་ཚོར་བ་སྟེར། ཡིན་ཡང་མཐོང་སྣེ་དེ་གཡུང་དྲུང་གི་མཐོང་སྣེ་རུ་བསྒྱུར་ནས་གཡུང་དྲུང་ཁོ་རང་གི་ནང་སེམས་ཀྱི་ཆིག་ལབ་མང་པོ་ཞིག་བཀོད་དེ། རང་གི་འཚོ་བའི་བརྒྱུད་རིམ་དང་དཀའ་སྡུག་དེ་བརྗོད་དུ་བཅུག་ན། གཏམ་རྒྱུད་ཀྱི་བྱུང་རིམ་གཅིག་ཡིན་ཡང་གཏམ་རྒྱུད་ཀྱིས་ཐོན་པའི་ནུས་པ་མི་འདྲ།
རང་སྒྲ་ཡི《གྲོང་ཁྱེར་གྱི་འཚོ་བ》ནི་ཀུན་མཁྱེན་གྱི་མཐོང་སྣེ་ནས་བྲིས་ཤིང་ཞིབ་བརྗོད་ཀྱི་ཁྱབ་ཁོངས་རྒྱ་ཆེ་ལ། མཐོང་སྣེ་ཕན་ཚུན་བརྗེ་སྒྱུར་བྱས་ཏེ་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཟུར་མང་པོ་ནས་མཚོན་པར་འབད་ཡོད། ཡིན་ཡང་། སྒྲུང་ཐུང་ཞིག་ཡིན་པའི་ཆ་ནས་གནད་དོན་དེ་དག་ཡོངས་སུ་ཁེབས་མེད་པའམ་བྱུང་རིམ་ཚགས་མི་དམ་པའི་ཚུལ་དུ་སྣང་། ཁོས་རྩོམ་དུ་མི་སྣ་གཙོ་བོ་འདི་ཡིན་ཞེས་ཁ་གསལ་མེད་པར་མ་ཟད་མཐོང་སྣེ་དེ་ཀུན་ཁྱབ་ཡིན་པས་དམའ་རིམ་མི་སྣ་མང་པོ་ཞིག་གི་ནང་སེམས་ཀྱི་འགྱུར་བའམ་འཚོ་བའི་གདོང་རིས་ངོ་མ་དེ་སྟོན་ཐུབ་མེད་པར་སྤྱི་ཁོག་ཙམ་གྱིས་མཇུག་བསྒྲིལ་ཡོད།
ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི《གྲོང་ཁྱེར་གྱི་འཚོ་བ》ནི་འབོད་པའི་ཐ་སྙད་དང་པོའི་མཐོང་སྣེ་ནས་བྲིས་པ་ཞིག་ཡིན་ཡང་དེས་མི་སྣ་གཙོ་བོ་དེ་མི་སྣ་གསུམ་པར་བཞག་སྟེ། “ང”ཞེས་པའི་ཁྱིམ་ཚང་གི་ཆ་རྐྱེན་བཟང་ལ་དཔལ་འབྱོར་ལ་དཀའ་ཁག་མེད་པའི་མི་ཞིག་གི་མཐོང་སྣེ་ནས། རང་གི་གྲོགས་པོ་སྟེ་ཁྱིམ་ཚང་གི་ཆ་རྐྱེན་མི་བཟང་ཞིང་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་མི་ཞིག་གི་སློབ་སྦྱོང་གི་བརྒྱུད་རིམ་དང་བསམ་བློ་ཡི་སྙིང་སྟོབས་བྲིས་ཡོད། དེ་ལས་མི་སྣ་གཙོ་བོ་ཤཱཀྱ་ཚེ་རིང་ལ་འཕྲད་པའི་དཀའ་ཁག་གང་ཡོད་པ་དང་དཀའ་ཁག་དེ་དག་ལ་གདོང་ཇི་ལྟར་གཏད་མིན་དེ་མི་གསུམ་པ་ཞིག་གི་མཐོང་སྣེ་ནས་བྲིས་པ་དང་། དཀའ་སྡུག་ལ་གདོང་གཏོད་དུས་ཀྱི་མི་སྣ་ཁོ་རང་གི་ནང་སེམས་ཀྱི་འགྱུར་བ་དང་གནད་དོན་གང་འདྲ་ཞིག་དང་འཕྲད་ཡོད་མེད་དེ་བྲིས་མེད་པར་མ་ཟད། ཞིབ་བརྗོད་མཁན་དེ་མི་སྣ་གཙོ་བོ་དེ་ཡི་གྲོགས་པོ་ཡིན་པས་དེ་ལ་མི་སྣའི་སྣང་བརྙན་མཛེས་བཟོ་ཡི་ཆ་དང་གབ་སྦས་ཀྱི་ཆ་ཡོད་སྲིད་སྟབས་གཏམ་རྒྱུད་དེ་ལ་ཡིད་རྟོན་གྱི་ཆ་ཆེན་པོ་མེད།
བཀྲ་བྷ་དང་སྟག་འབུམ་རྒྱལ་གཉིས་ཀྱིས་འབོད་པའི་ཐ་སྙད་གསུམ་པ་སྤྱད་ཡོད་ཀྱང་ཚད་བཀག་གི་མཐོང་སྣེ་ནས་མི་སྣ་གཙོ་བོའི་མཐོང་སྣེ་བརྒྱུད་དེ་མི་སྣ་གཙོ་བོའི་གྲོང་ཁྱེར་གྱི་འཚོ་བའི་བརྒྱུད་རིམ་བྲིས་ཡོད་པས་གཞན་གསུམ་དང་བསྡུར་ན་གཏམ་རྒྱུད་ཀྱི་འགུག་ཤུགས་ཆེ་ཞིང་། རང་ཉིད་ཞིབ་བརྗོད་ཀྱི་རྣམ་པ་རུ་སོང་ནས་མི་སྣ་གཙོ་བོའི་ནང་སེམས་ལ་འཛུལ་ཐུབ་པས་གཏམ་རྒྱུད་ཀྱི་ཡིད་རྟོན་རང་བཞིན་ཤུགས་ཆེར་སོང་ཡོད་ལ། དམའ་རིམ་མི་སྣའི་དཀའ་སྡུག་མཚོན་པ་ཡང་ཞིབ་ཚགས་ཤིང་ཀློག་པ་པོར་གདུང་སེམས་བསྐྱེད་དུ་འཇུག་ཐུབ།
གཉིས་པ། བྱུང་རིམ་འགོད་སྟངས་དང་ཁྱད་ཆོས།
དམའ་རིམ་རྩོམ་རིག་ནི་མི་སྣ་ལྟེ་བར་འཛིན་པའི་རྩོམ་རིག་ཅིག་ཡིན་པའི་ཆ་ནས་མི་སྣ་ནི་རྩོམ་གྱི་བླ་སྲོག་ལྟ་བུ་ཡིན་ལ། རྩོམ་གྱི་བྱུང་རིམ་ཡང་མི་སྣ་དཀྱིལ་སྙིང་དུ་བཟུང་ནས་མི་སྣའི་སྟེང་འབབ་ཀྱིན་ཡོད། བྱུང་རིམ་འཆར་ཡན་སོགས་ཀྱིས་བཅིངས་མེད་པར་དངོས་ཡོད་རིང་ལུགས་ཀྱི་སྒོ་ནས་བྱུང་རིམ་ཞིབ་ཆ་ལྡན་པར་བཀོད་སྒྲིག་བྱས་ཏེ་ཀློག་པ་པོར་རྩོམ་གྱི་མི་སྣའི་འཚོ་བ་དེ་མཐོང་དུ་འཇུག་པ་དང་། ཉི་མ་རེ་རེ་བཞིན་གདོང་གཏོད་དགོས་པའི་དཀའ་སྡུག་དག་གིས་དམའ་རིམ་གྱི་མྱོང་བ་དེ་གསལ་སྟོན་བྱེད་པ། བལྟས་ཚོད་ཀྱིས་རེ་བ་མེད་པའི་འཚོ་བའི་བར་གསེང་ནས་མི་སྣའི་རྒྱུན་འཁྱོངས་དང་སྙིང་སྟོབས་ཀྱི་ཆ་དེ་འཛིན་ཐུབ་པར་བྱེད་པ་བཅས་ནི་དམའ་རིམ་རྩོམ་རིག་གི་བྱུང་རིམ་ཐད་ཀྱི་ཁྱད་ཆོས་སམ་དེ་ལ་ལྡན་དགོས་པའི་ཆ་རྐྱེན་ཡིན།
པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ནང་གཡུང་དྲུང་གཉེན་སྒྲིག་དུས་ཕ་ཡུལ་གྱི་ནང་མི་དག་ཡོང་མ་ཐུབ་པ་དང་། དེ་དག་གིས་སྒོར་སྟོང་གསུམ་བསྐུར་བ་ལས་ཁོས་ཡུལ་མི་རྣམས་ཀྱི་དཀའ་སྡུག་གི་འཚོ་བ་དྲན་པ་དང་། བཀྲ་བྷའི་བརྩམས་སྒྲུང་དུ་ཁྱུ་ཁྱུ་ཡིས་ཁང་པའི་ཆེད་དུ་ཐབས་བརྒྱ་ཇུས་སྟོང་འཐེན་ཡང་གཞན་གྱིས་འགོ་ཁྲིད་ལ་ཁ་ཡག་བྱེད་པའི་དོ་ཟླར་མ་འདང་བ་དང་ཁོ་ལ་ལྐོག་གཡོ་ངན་ཇུས་མེད་པས། མཐར་ཁང་པའི་ནང་གི་དངོས་པོ་དག་ཀྱང་རྐུན་མས་བརྐུས། རང་སྒྲ་ཡི་བརྩམས་ཆོས་སུ་ཨ་ཁུ་ཉི་མའི་འབྲོག་ཚུགས་དེ་ནི་ནམ་ཡང་དོར་ཐབས་མེད་པ་ཞིག་ཡིན་པ་དང་། དབུལ་པོ་གཏོང་ཕོད་ཅན་བཀྲ་ཤིས་ཀྱིས་འབྲོག་པ་ལ་ལར་དངུལ་ཡོད་ཀྱང་སྲིད་ཅེས་པའི་སྐད་ཆ་དེ། སྒོར་མོ་ཡོད་ན་ད་གཟོད་མི་ངོ་ཆེ་ཟེར་ནས་འཚོ་ཐབས་གཞན་ལ་འབད་པའི་ཚགས་པར་ཁང་གི་ལས་རོགས་སོགས་དང་། སྟག་འབུམ་རྒྱལ་གྱི་བརྩམས་ཆོས་ཁྲོད་དུ་གྲལ་རིམ་མཐོ་བའི་ཁྱིམ་མཚེས་ཀྱི་སྐད་ཆས་ཆུང་མའི་ངོ་མདངས་དམར་པོ་དམར་རྐྱང་དུ་གྱུར་ཚུལ། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་སུ་ཤཱཀྱ་ཚེ་རིང་གིས་ལས་ཁུངས་ནས་སྒོར་ལྔ་བརྒྱ་བསྐྱིས་ཤིང་ཟླ་གཅིག་རིང་དགོངས་པ་ཞུས་ཏེ་ཁྱིམ་དུ་སྟོན་ལེན་དུ་སོང་བ་སོགས་ནི་བརྩམས་ཆོས་དེ་དག་ལས་མངོན་པའི་དམའ་རིམ་གྱི་ཆེས་ཞིབ་པའི་གདོང་རིས་ངོ་མ་དེ་ཡིན་ལ། བྱུང་རིམ་ལས་ཀློག་པ་པོར་གདུང་སེམས་བསྐྱེད་དུ་འཇུག་པའི་ཆ་ཡང་ཡིན།
བརྩམས་ཆོས་དེ་དག་གི་བྱུང་རིམ་ཐད་ནས་མི་སྣ་དེ་དག་གི་དཀའ་སྡུག་དེ་ཧ་ཅང་ཕྲ་བའི་ཞིབ་ཆ་ཡི་ལམ་ནས་མངོན་ཡོད་ལ། མི་སྣའི་རྣམ་འགྱུར་རམ་སྐད་ཆ། སེམས་ཀྱི་ཆིག་ལབ་སོགས་བྱ་སྤྱོད་སྣ་གཅིག་གི་སྟེང་ནས་ཁོ་ཚོའི་གནས་བབ་དེ་ངང་ངམ་ཤུགས་ཀྱིས་མངོན་པ་ཞིག་ཡིན། དམའ་རིམ་རྩོམ་རིག་གི་ཁྲོད་དུ་བྱུང་རིམ་གྱིས་གཙོ་རྒྱུགས་རིག་གནས་ཀྱིས་ཡན་གར་བོར་བའི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད་ལ། བག་ལ་འཁུམས་པའི་དམའ་རིམ་གྱི་མི་སྣ་དག་གི་ཆེད་དུ་སྐད་ཆ་ཤོད་བཞིན་ཡོད་པས། དེས་མི་རྣམས་ཀྱི་ཡིད་སེམས་འགུག་པ་དང་། ཀློག་པ་པོས་རང་གི་གནས་བབ་ལ་བསམ་གཞིག་གཏོང་ཐུབ་པ་སོགས་ནི་དམའ་རིམ་རྩོམ་རིག་གི་བྱུང་རིམ་གྱིས་ཐོན་པའི་ནུས་པ་ཡིན།
མདོར་ན། དམའ་རིམ་རྩོམ་རིག་གིས་སྤྱི་ཁོག་གི་ལོ་རྒྱུས་རྒྱབ་ལྗོངས་དང་བྱེ་བྲག་གི་རྒྱུན་གཏན་འཚོ་བའི་དོན་དག་རེ་རེ་ལ་བརྟེན་ནས། སྲོལ་རྒྱུན་རྩོམ་རིག་གཞན་དང་མི་འདྲ་བར་དམའ་རིམ་གྱི་འཇིག་རྟེན་དང་དམའ་རིམ་གྱི་དངོས་ཡོད་འཚོ་གནས་ཀྱི་རྣམ་པ་དེ་མཚོན་བཞིན་ཡོད།
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་བན་དེ་སྐྱིད། ལས་གཞིའི་ཨང་རྟགས། 2025-GSP-S133)
འབྲེལ་ཡོད་གསར་འགྱུར།