སྲོལ་རྒྱུན་མཛད་སྒོ་འཁྲུག་ཆ་དོད། རིག་གནས་ཡུལ་སྐོར་འཕེལ་རྒྱས་མྱུར།
—— སྨར་ཁམས་རྫོང་འཇང་མི་རིགས་ཤང་གི“བག་མ་བག་སྟོན”མཛད་སྒོའི་སྐོར་བཀོད་པ།
བོད་ཤར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལ“ཚྭ་ཁ་ལྷོ”ཞེས་ཀྱང་འབོད་ཅིང་། ཚྭ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐོན་འབབ་བཟང་བས། བོད་དང་། སི་ཁྲོན། ཡུན་ནན་བཅས་འབྲེལ་མཚམས་ཁུལ་གྱི་མི་ཕྱུགས་ཀུན་ལ་མཁོ་བའི་ཚྭ་ཡི་འབྱུང་ཁུངས་གཙོ་བོ་རེད་ལ། གནའ་བོའི་ཇ་ཚྭའི་ཚོང་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཀྱང་རེད། འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོར“བག་མ་བག་སྟོན”ཞེས་པའི་རྩེད་འཇོའི་རང་བཞིན་ཆེན་པོ་ལྡན་པའི་སྲོལ་རྒྱུན་གྱི་མཛད་སྒོ་ཞིག་ཡོད་ཅིང་། མཛད་སྒོ་དེ་ནི་ས་གནས་རང་གི་གཉེན་སྲོལ་ལ་ལད་ཟློས་བྱས་པ་ཞིག་ཡིན་རེད། ལོ་གསར་པའི་ཟླ་བ་དང་པོའི་ཉིན་གང་རུང་ཞིག་ལ། གྲོང་ཚོའི་ན་གཞོན་ཕོ་མོ་འགའ་ཡིས་བག་གསར་དང་མག་གསར་ལ་བརྫུས་ནས། ཞོགས་པར་ཡུལ་མི་ཚང་མ་གྲོང་ཚོའི་བྱེད་སྒོ་ཁང་དུ་འཛོམས་རྗེས། ཐང་དཀྱིལ་གྱི་སྒྲོག་ཙེའི་གཞོགས་གཉིས་སུ་བསྡད་པའི“མག་རོགས་བག་རོགས”ཕན་ཚུན་གད་མོ་སློང་རེས་དང་། “མག་གསར་བག་གསར”ཕན་ཚུན་དབར་ཟུར་ཟ་བྱེད་ཁུལ་ལ་སོགས་པའི་རྩེད་མོ་སྣ་ཚོགས་བརྩེས་ཏེ་ལྟད་མོ་བར་ཆོབ་ཡང་ཡང་སློང་བ་དང་། གདོང་ལ་འབག་ཁྱད་མཚར་གྱོན་པའི་གཞོན་ནུ་གསུམ་གྱིས་ཀྱང་མི་ཚོགས་ཁྲོད་ཡང་ཡང་ཤོར་འོང་ནས་གཉེན་སྟོན་ལ་བར་ཆད་བཟོ་ཁུལ་བྱས་ཏེ། དགོད་བྲོ་བའི་གཏམ་སྤྱོད་ལས་ཡུལ་མི་དང་ཡུལ་སྐོར་བ་ཚང་མ་རང་དབང་མེད་པར་ཧབ་ཆ་ཡང་ཡང་ཤོར། མཛད་སྒོ་མཇུག་འགྲིལ་རྗེས། ཡུལ་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་པི་ཝང་ཞབས་བྲོ་འཁྲབ་པ་དང་། དགོད་སྒྲའི་ཁྲོད་ནས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཡོང་བ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
ལོ་ངོ་སྟོང་ཕྲག་བརྒྱུད་པའི་ཚྭ་སྦྱོངས་རིག་གནས་རྒྱུན་འཛིན་གང་ལེགས་ཐུབ་པ་དང་། གྲལ་སྟར་འགྲིག་པའི་ཚྭ་ཞིང་ལྟ་ན་སྡུག་པས། ཉེ་བའི་ལོ་ཤས་རིང་། འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོར་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་ནས་རྒྱལ་ལམ་214རྒྱུད་ཀྱི་ཡུལ་སྐོར་དམིགས་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་པ་དང་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་ཆེད། ཤང་སྲིད་གཞུང་གི་རྒྱབ་སྐྱོར་ལས། གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་བྱེད་སྒོ་ཁང་གསར་སྐྲུན་རྒྱས་སྐྲུན་དང་། རླངས་འཁོར་འཇོག་ས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། “བག་མ་བག་སྟོན”གྱི་ཉིན་མོའང་ལོ་རེའི་ལུགས་རྙིང་ལོའི་ལོ་གསར་གྱི་ཚེས་དགུ་ལ་གཏན་འཁེལ་བྱས་ནས། ཡུལ་སྐོར་བ་མང་བའི་གོ་སྐབས་དམ་འཛིན་གྱིས་དམངས་སྲོལ་གནས་ཚང་དང་། ཁྱད་ལྡན་ཟ་ཁང་སོགས་གཉེར་བ་མ་ཟད། གྲོང་ཚོ་དེ་གའི་ཚྭ་དང་། རྒུན་འབྲུམ་ཨ་རག ནས་ཆང་། སྦྲང་རྩི་སོགས་ཁྱད་ལྡན་ཡུལ་ཟོག་ཀྱང་བཙོངས་ནས་ཡོང་འབབ་གསོག་བཞིན་ཡོད། གྲོང་ཚོའི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ལོ་གཅིག་རིང་ལྕགས་རྟ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་150ལྷག་ཙམ་བྱུང་ཡོད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་བར། ལྕགས་རྟ་གྲོང་ཚོའི་ཡུལ་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད་ལ། ལོ་ངོ་སྟོང་ཕྲག་བརྒྱུད་པའི་སྲོལ་རྒྱུན་ཚྭ་སྦྱོངས་རིག་གནས་ཀྱང་རྒྱུན་འཛིན་གང་ལེགས་ཐུབ་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ཚེ་རིང་། སྐལ་བཟང་མཆོག་སྐྱིད། བསྟན་འཛིན་གཡུ་སྒྲོན།
འབྲེལ་ཡོད་གསར་འགྱུར།