དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ལོ་37རིང་གངས་ལྗོངས་ས་མཐོར་གནམ་གཤིས་ཞིབ་དཔྱད་ཀྱི་ལས་འགན་ཧུར་ཐག་བསྒྲུབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-25

    ཞོགས་པར། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་སུ་མཐོ་རིམ་ལག་རྩལ་ཆེ་མོ་བ་བཀྲ་ཤིས་གཡང་འཛོམས་ཀྱིས་སྐྲ་ལོ་བསྡམས་ཏེ་སྲུང་སྐར་སྤྲིན་རིས་ལ་ཞིབ་ལྟ་བྱེད་བཞིན་ཡོད་ཅིང་། བརྙན་ཤེལ་ཐོག་གི་ཚོན་མདོག་མི་འདྲ་བའི་སྤྲིན་ཚོམ་དེ་དག་ལག་རིས་དང་ཧ་ཅང་འདྲ་པོ་ཡོད་པ་རེད། ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་སར་ས་མཐོའི་གནམ་གཤིས་ཀྱི་འགྱུར་ལྡོག་ཐོ་འགོད་པ་དང་། ཁ་ཆར་བུ་ཡུག་འཚུབ་པའམ་གནམ་དྭངས་པ་སོགས་གནམ་གཤིས་ཀྱི་འགྱུར་ལྡོག་ཚང་མ་སྡོམ་དྲ་ལྟ་བུའི་རི་མོ་འདི་ནས་མངོན་གྱི་ཡོད།

    གསལ་ལ་མི་གསལ་གྱི་ལག་སྒུལ་སྲུང་སྐར་སྤྲིན་རིས་ནས་AIཡི་རམ་འདེགས་འོག་གནམ་གཤིས་སྔོན་བརྡ་གནད་སྨིན་གཏོང་བའི་བར་དང་། རྟར་བཞོན་ནས་ལ་རྒྱབ་ཀླུང་བརྒལ་གྱིས་གྲངས་གཞི་འཚོལ་བསྡུ་བྱེད་པ་ནས་ནམ་མཁའ་དང་ས་གཞི་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བའི་བར། བཀྲ་ཤིས་གཡང་འཛོམས་ཀྱིས་བོད་ཀྱི་གནམ་གཤིས་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཚུལ་ལ་མིག་མཐོང་ལག་ཟིན་བྱུང་ཡོད།

    1988ལོར། ནན་ཅིང་གནམ་གཤིས་སློབ་གླིང་ནས་ཐོན་པའི་བཀྲ་ཤིས་གཡང་འཛོམས་བོད་དུ་ལོག སྐབས་དེ་དུས་བོད་དུ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་སྤྱོད་འགོ་ཚུགས་མ་ཐག་ཡིན་པ་དང་། རྒན་རབས་པ་ཚོས་ན་གཞོན་མི་རབས་ཚོའི་སྣེ་ཁྲིད་དེ། བསྡུ་ལེན་འཕྲུལ་འཁོར་ལ་བརྟེན་ནས་ལག་པས་སྲུང་སྐར་སྤྲིན་རིས་བསྡུ་ལེན་བྱེད་བཞིན་ཡོད་པ་མ་ཟད། ནག་རོག་རོག་གི་ཁང་པའི་ནང་སྲུང་སྐར་སྤྱིན་ཤོག་འཁྲུད་བཞིན་ཡོད། བརྙན་གསལ་གཤེར་ཁུའི་ནང་སྤྲིན་རིས་དག་ག་ལེར་འཆར་བ་དང་། བརྙན་པར་དེ་སྒྲིབ་ཤེལ་གྱིས་བསྒྲིབས་པ་ལྟར་སྣང་ཡང་། རྒན་ལགས་ཀྱིས་རྩ་ཆེའི་རི་མོར་འགྲེལ་བཤད་རྒྱག་པ་ལྟར་དེའི་ཆ་ཤས་གཅིག་ཀྱང་མ་ལུས་པར་འགྲེལ་བཤད་ཞིབ་ཕྲ་རྒྱག་བཞིན་ཡོད།

    དུས་དེ་ནས་བཟུང་། བཀྲ་ཤིས་གཡང་འཛོམས་ཀྱིས་སྤྲིན་རིས་སྣ་ཚོགས་ལ་ཞིབ་འཇུག་ཡག་པོ་བྱེད་འགོ་ཚུཌ། ཁོང་གིས“དེ་ནས་བཟུང་། ངས་ས་མཐོའི་རྒྱང་ཚོར་གནམ་གཤིས་ཀྱི་ལས་འགན་ཕྲག་ཏུ་འཁུར་འགོ་ཚུགས་པ་ཡིན”ཞེས་བརྗོད་པ་དང་། ལས་འགན་དེ་ཁུར་ནས་ད་བར་ལོ་37འགྲོ་གི་ཡོད།

    1997ལོའི་དགུན་ཁར། བོད་ལ་གངས་སྐྱོན་ཚབས་ཆེན་བྱུང་བ་དང་། བོད་བྱང་ཐང་དུ་ཟླ་ཕྱེད་ཙམ་ཁ་བ་བསྟུད་མར་བབས་ནས་གངས་གསོག་ཆེན་པོ་ཐེབས་ཏེ་འབྲོག་པ་དང་ཕྱུགས་ཟོག་གངས་ཁྲོད་དུ་ལུས།

    གནམ་གཤིས་ཞིབ་དཔྱད་ཁང་གི་གནམ་གཤིས་ལྟ་ཞིབ་མཁན་ཚོས་ཉིན་མཚན་མང་པོ་བརྟན་སྲུང་བྱས་མཐར་ད་གཟོད་ཚོད་རྩིས་བྱེད་ཐུབ་པ་བྱུང་། སྐབས་དེར་བཀྲ་ཤིས་གཡང་འཛོམས་ཀྱིས་བརྙན་ཤེལ་གྱི་གྲངས་གཞིར་ལྟ་བཞིན་“འབྲོག་པ་ཚོ་གཞི་ནས་སྐྱོབ་ཐུབ་སོང”སྙམ་སྟེ་དགའ་ཚོར་ཆེན་པོ་བྱུང་ཡོད།

    མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྣང་སྐྱེན་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་རེད། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ར་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་10ཡི་རིང་ནི་ཞིབ་དཔྱད་ཚད་ལེན་ཟིན་ཐོར་བཀོད་ཚུན་གྱི་དྲོད་ཚད་མཐོ་ཤོས་ཀྱི་ལོ་10ཡིན་པ་རེད། རྒྱབ་ལྗོངས་ཆེན་པོ་དེ་འདྲའི་འོག ས་མཐོའི་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ལས་དོན་དེ་ཡུལ་ཕྱོགས་གཅིག་གི་མི་སེར་གྱི་བདེ་སྡུག་དང་འབྲེལ་བ་ཡོད་པ་མ་ཟད། དེ་བས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད།

    གོ་ལ་ཧྲིལ་པོའི་གནས་གཤིས་རིམ་བཞིན་དྲོ་རུ་ཕྱིན་ཞིང་། 2005ལོར་ནག་ཆུ་མེར་རི་བུལ་མཚོ་དང་། མདུང་མཚོ། འབྲོམ་མཚོ། སྤམ་མཚོ་སོགས་མཚོ་མཚེའུ་མང་པོའི་ཆུ་ངོས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་ཆུ་ཁ་འབྲོག་པའི་སྒོ་རྩར་སླེབས་ཉེན་ཡོད་པ་རེད།

    བཀྲ་ཤིས་གཡང་འཛོམས་དང་ཁོང་གི་ཚོགས་པས་1980 ལོ་ནས་2005ལོའི་བར་གྱི་ལོ་25ཙམ་རིང་སྲུང་སྐར་རྒྱང་ཚོར་དཔྱད་གཞིའི་ཡིག་རིགས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་པ་དང་། སྤུས་ཚད་མཐོ་བའི་བརྙན་པར་ཁག་17ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། མཚོ་ངོས་རྒྱ་སྐྱེད་དང་འགྱུར་ལྡོག་གི་ཆོས་ཉིད་ཞིབ་པར་བཤད་པས། ས་གནས་དེ་གའི་འབྲོག་དུད་བརྒྱ་ལྷག་ཙམ་དུས་ཐོག་ཏུ་གནས་སྤོ་བྱེད་ཐུབ་པ་བྱུང་ཡོད།

    ས་མཐོའི་གནམ་གཤིས་ཀྱི་འགྱུར་ལྡོག་དུས་ཐོག་ཏུ་སྔོན་བརྡ་གཏོང་དགོས་ཤིང་། 2018ལོའི་དབྱར་ཁར། རི་ཉིལ་བའི་དབང་གིས་ཡར་ཀླུང་གཙང་པོར་འཁྱིལ་མཚོ་ཆགས་ཏེ་སྨད་རྒྱུད་ཀྱི་ལས་གྲྭ་དང་ས་ཞིང་ལ་ཉེན་ཁ་བཟོས་པས། བཀྲ་ཤིས་གཡང་འཛོམས་ཀྱི་ཚོགས་པས་ལས་རེས་ཞིབ་དཔྱད་ཚད་ལེན་མཐའ་འཁྱོངས་ཀྱིས་ཞོར་ཐོན་གནོད་འཚེ་སྔོན་ཚུད་ནས་བརྡར་ཤ་བཅད་དེ། ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཕོག་ཚད་ཆུང་དུ་གང་ཐུབ་བཏང་ཡོད།

    མི་ཉུང་ཉུང་ཞིག་གིས་ལམ་བཤངས་པ་ནས་དཔུང་ཁག་གཅིག་གིས་བརྟན་སྲུང་བྱེད་པའི་བར། ས་ངོས་གནམ་གཤིས་ས་ཚིགས་ཐོག་མའི་ཁག་23ནས་ད་ཆའི་ས་ཚིགས་ཁག་1284ཤང་དང་གྲོང་རྡལ་ཡོངས་ལ་ཁྱབ་ཡོད། ཉམས་མྱོང་ལ་བརྟེན་ནས་སྤྲིན་པར་ལྟ་བ་ནས་གནམ་གཤིས་སྔོན་བརྡ་ཡང་དག་གཏོང་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་པའི་བར་དང་། གངས་ཆེན་གྱི་ཉེན་བརྡ་ཆུ་ཚོད་5ཡི་སྔ་སྣུར་དུ་གནད་སྨིན་ཡོངས་བསྒྲགས་བྱེད་ཐུབ་པ་སོགས་ཀྱི་གྲངས་གཞི་ལས། ས་མཐོའི་གནམ་གཤིས་ཞིབ་དཔྱད་པ་མི་རབས་ནས་མི་རབས་བར་གྱི་གནམ་གཤིས་ལྟ་སྲུང་གི་འགན་སྒྲུབ་གང་ལེགས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།