《རྩོམ་རིག་གཞུང་ལུགས་འཇུག་སྒོ》ཡི་བརྡ་ཆད་ལོ་ཙཱའི་ཐབས་ལམ་གླེང་བ།
ལོ་ཙཱའི་གནད་འགག་གཙོ་བོ་ནི་ལོ་ཙཱའི་ལག་ལེན་དངོས་ལ་འཇུག་པའི་སྐབས་ཀྱི་ལོ་ཙཱའི་ཐབས་ལམ་ལས་མ་འདས། དེ་ཡང་བསྒྱུར་བྱ་མ་ཡིག་གི་བསྟན་པའི་དོན་ཇི་མ་ཇི་བཞིན་དུ་སྒྱུར་བར། གང་དུ་སྒྱུར་བྱེད་བུ་ཡིག་གི་སྐད་བརྡ་སྤྲོད་པའི་གཞུང་དང་མཐུན་དགོས་ཤིང་གོ་བདེ་བ་ཞིག་དགོས་ན། དོན་སྒྱུར་དང་ཐད་སྒྱུར། སྒྲ་སྒྱུར་བཅས་ལོ་ཙཱའི་ཐབས་ལམ་ཆེ་བ་གསུམ་དང་། བསྣོར་ཏེ་བསྒྱུར་བ། བསྣན་ཏེ་བསྒྱུར་བ། ཕྲལ་ཏེ་བསྒྱུར་བ། དོན་གཟུགས་འདྲེས་མར་སྒྱུར་བ་སོགས་སྒྱུར་ཐབས་བྱེ་བྲག་པ་མང་དུ་ཡོད་པ་ཡིན་ཡང་། འདིར་ཁག་གསུམ་ལ་དབྱེ་ནས་བཤད་ན།
དང་པོ། ཐད་སྒྱུར་དང་དོན་སྒྱུར་གྱི་ཐབས་ལམ།
ཐད་སྒྱུར་ཞེས་པ་ནི་སྒྱུར་བྱ་མ་ཡིག་དང་སྒྱུར་བྱེད་བུ་ཡིག་གི་བརྗོད་པའི་ཉམས་དང་རྩོམ་གཤིས་གཅིག་མཚུངས་ཡིན་ལ། བསྒྱུར་བྱ་སྒྱུར་བྱེད་གཉིས་ཀྱི་སྐད་བརྡའི་འགྲོས་སྤྱིར་མཐུན་ཚེ། རྗོད་བྱེད་ཚིག་སྔ་ཕྱི་མ་བསྣོར་བར་གོ་རིམ་བཞིན་སྒྱུར་བའི་ཐབས་ཤིག་སྟེ། བསྒྱུར་བྱའི་མ་ཡིག་གི་ཚིག་ངོས་ཀྱི་དོན་མཚོན་ཞིང་། ཚིག་གི་འགྲོས་ཀྱང་མ་ཡིག་དང་ཕྱོགས་མཚུངས་པའི་ཚུལ་དུ་བསྒྱུར་ཏེ། དོན་གོ་སླ་ཞིང་བརྗོད་བདེ་བ་བྱུང་བའི་ཐབས་དེར་ཐད་སྒྱུར་ཟེར་ཞིང་། 《རྩོམ་རིག་གཞུང་ལུགས་འཇུག་སྒོ》ཡི་བརྡ་ཆད་འགའ་སྒྱུར་བྱེད་བུ་ཡིག(བོད་སྐད)གི་སྐད་བརྡའི་ཁྲོད་ལྟོས་བཅས་ཀྱི་གོ་དོན་ཆ་མཉམ་པའི་བརྡ་ཆད་ཡོད་པ་མ་ཟད་ཚིག་གྲུབ་ཀྱི་རྣམ་པ་ཡང་གཅིག་མཚུངས་ཡིན་ཚེ། རྗོད་བྱེད་ཚིག་སྔ་ཕྱི་མ་བསྣོར་བར་གོ་རིམ་བཞིན་ཐད་སྒྱུར་གྱི་ཐབས་ལམ་སྤྱད་པ་འགའ་ཞིག་ཡོད་པ་དཔེར་ན། “人道主义”ལ་“མི་ཆོས་རིང་ལུགས”དང་། “视角”ལ་“མཐོང་སྣེ”དང་། “意象”ལ“ཡིད་བརྙན”དང་། “抒情”ལ“དུང་བརྗོད”ལ་སོགས་པའི་བརྡ་ཆད་སྒྱུར་སྐབས་ཐད་སྒྱུར་གྱི་ཐབས་ལམ་སྤྱད་པས་བསྒྱུར་བྱའི་མ་ཡིག་གི་རྣམ་པ་དང་གོ་དོན་སོར་འཇོག་ཐུབ་པར་མ་ཟད། ཡང་དག་པའི་སྒོ་ནས་གཞུང་ལུགས་ཀྱི་དགོངས་པ་ཁྱབ་སྤེལ་བྱེད་པར་ཕན་ནུས་ཐོན་ཡོད།
《བོད་ཀྱི་ལོ་ཙཱའི་རིག་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》ལས། “དོན་སྒྱུར་བཤད་པར། གཞུང་ལུགས་ལས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱི་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ཞེས་པ་ལྟར། མིང་བརྡ་ཁ་ཅིག་བོད་སྐད་ཀྱི་འགྲོ་ལུགས་བཞིན་དུ་བསྒྱུར་ན་གོ་བདེ་ཞིང་གནས་ལ་འཚམ་པ་ཡོད་རིགས་རྒྱ་གར་སྐད་ཀྱི་ཚིག་སྦྱོར་ལ་བསྟུན་མ་དགོས་པར་དོན་སྒྱུར་བཙན་པར་བགྱིས་ཏེ་མིང་དུ་བཏགས”ཞེས་ལོ་ཙཱ་བྱེད་པའི་སྐབས་སུ་བསྒྱུར་བྱའི་མ་ཡིག་གང་གི་ཚིག་ངོས་ལས་བསྟན་པའི་བརྗོད་དོན་གྱི་ཆ་རྣམས། སྒྱུར་བྱེད་སྐད་ཀྱི་བརྡ་དོན་སྤྲོད་ལུགས་དང་མཐུན་པར་སྦྱོར་བའི་ཐོག་ནས་སྒྱུར་བའི་ཐབས་ཤིག་ཡིན་ཞིང་། མི་རིགས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་འདུ་ཤེས་དང་རིག་གནས་ཀྱི་སྟོང་ཆར་འཛིན་པའི་བརྡ་དང་ཐ་སྙད་སྒྱུར་བར་དོན་སྒྱུར་གྱི་ལོ་ཙཱའི་ཐབས་ལམ་འདི་སྤྱོད་པ་འདི་ལྟ་སྟེ། དཔེར་ན། “后现代主义”ལ་“དེང་རབས་རིང་ལུགས་ཕྱི་མ”དང་། “语言呈现”ལ་“རྩོམ་འབྲི་དངོས”དང་། “创作动因”ལ་“རིག་པ་ཀློང་བརྡོལ”དང་། “比喻”ལ་“མཚུངས་དཔེ”དང་། “修辞”ལ་“རྒྱན”སོགས་ལ་དོན་སྒྱུར་གྱི་ཐབས་ལམ་སྤྱད་པས། བསྒྱུར་བྱའི་མ་ཡིག་གི་ཚིག་ངོས་ལས་བསྟན་པའི་དོན་ཁོ་ན་སྒྱུར་བྱེད་བུ་ཡིག་གི་བརྡ་དོན་སྤྲོད་ལུགས་དང་མཐུན་པར་སྦྱར་བའི་སྒོ་ནས་བསྒྱུར་བས་བོད་སྐད་ཀྱི་སྐད་ཆའི་བརྗོད་ལུགས་དང་རིག་གནས་ཀྱི་གོམས་སྲོལ་འབུར་དུ་ཐོན་ཐུབ།
གཉིས་པ། དོན་ཐད་སྤེལ་མ་དང་མཆན་འགྲེལ་འགོད་པའི་ཐབས་ལམ།
མ་ཡིག་གི་དོན་མི་གོ་བ་ཡོངས་སུ་བུ་ཡིག་གི་ཚིག་ངོས་ལ་སྒྱུར་མི་ཐུབ་པའི་སྐབས་སུ་དོན་ཐད་སྤེལ་མ་དང་མཆན་འགྲེལ་གྱི་ཐབས་ལམ་སྤྱོད་པ་ཡིན། འདིར་སྔོན་ལ་དོན་ཐད་སྤེལ་མའི་ཐབས་ལམ་བཤད་ན། 《རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན》ལས། “དོན་སྒྱུར་གྱི་ཐབས་ལམ་ཁོ་ན་སྤྱད་དེ་བསྒྱུར་ན་མ་ཡིག་གི་ནང་དོན་ཇི་བཞིན་བསྒྱུར་ཐུབ་ན་ཡང་། མ་ཡིག་གི་ཚིག་ངོས་ཀྱི་ནང་དོན་དང་ཁྱད་ཆོས་དང་རྩོམ་གཤིས་ཤོར་ཉེན་ཡོད་པ་དང་། སྐབས་འགར་ལོག་སྒྱུར་ཀྱང་བྱེད་སྲིད། ཡིག་སྒྱུར་ལག་ལེན་དངོས་ཀྱི་ཁྲོད་དུ་ཐད་སྒྱུར་བྱེད་དགོས་སར་ཐད་སྒྱུར་དང་། དོན་སྒྱུར་བྱེད་དགོས་སར་དོན་སྒྱུར་བྱེད་དགོས་པ་ཡིན་པས། སྒྱུར་དེ་གཉིས་གང་ཡང་མེད་དུ་མི་རུང”ཞེས་གསུངས་པ་བཞིན། དོན་ཐད་སྤེལ་མའི་ཐབས་ལམ་འདི་ནི་བསྒྱུར་བྱ་རྩོམ་རིག་གཞུང་ལུགས་ཀྱི་བརྡ་ཆད་ཀྱི་སྒྲའི་ཀློག་སྟངས་དང་མཐུན་པར་ཡིག་འབྲུ་རེ་རེས་དོན་ཅི་སྟོན་པ་སྒྱུར་བྱེད་བུ་ཡིག་ལའང་མཐུན་པར་དོན་སྒྱུར་དང་ཐད་སྒྱུར་གཉིས་འདྲེས་མར་སྒྱུར་ནས་བསྟན་དོན་གསལ་བ་དེའོ། དཔེར་ན། “艺术诗”ལ“སྒྱུ་རྩལ་སྙན་ངག”དང་། “抒情诗”ལ“ཡིད་འགྱུར་མཚོན་པའི་སྙན་ངག”སོགས་སུ་སྒྱུར་ཆོག་སྙམ། དོན་ཐད་སྤེལ་མའི་སྒྱུར་ཐབས་འདིའི་ནང་སྒྱུར་བྱེད་བོད་སྐད་ཀྱི་བརྗོད་པའི་ལུགས་དང་རིག་གནས་གོམས་སྲོལ་གྱི་ཁྱད་ཆོས་འབུར་དུ་བཏོན་ཡོད་ཅིང་། མ་ཡིག་གི་བརྗོད་བྱའི་སྙིང་པོར་དམིགས་པའི་སྒྱུར་ཐབས་དམ་པ་ཞིག་ཡིན་པར་འདོད།
མཆན་འགྲེལ་གྱི་ཐབས་ལམ་ལ་ལོ་ཙཱའི་གཞུང་ལུགས་གསར་འགྲེལ་ལས་རྒན་ཡེ་ཤེས་དོན་གྲུབ་མཆོག་གིས་“སྐབས་འགར་མ་ཡིག་གི་དོན་དང་མིང་གི་སྦྱོར་བ་སོགས་ལ་འཁྲུལ་གཞི་དང་ཐེ་ཚོམ་གྱི་གནད་ཡོད་ཚེ། ལོ་ཙཱ་བས་རང་བློས་ཡིན་རློམ་བྱ་མ་རུང་བར་མ་ཡིག་ལྟར་དུ་སྒྱུར་ཞིང་། དེ་རྗེས་འགྱུར་མའི་ནང་དུ་ཞབས་མཆན། མཇུག་མཆན། ཟུར་མཆན་བཅས་གང་བདེ་བར་བརྟེན་ནས་དོགས་གཞི་དེ་རིགས་ལ་གསལ་བཤད་རེ་བྱེད་དགོས”ཞེས་གསུངས་པ་ལྟར་དང་། 《རྩོམ་རིག་གཞུང་ལུགས་འཇུག་སྒོ》ཡི་རྒྱ་འགྱུར་མར“俄狄浦斯情节”ཞེས་པར“恋母亲情节”ཡང་ཟེར་བར། འདིར་སྒྱུར་བྱེད་བུ་ཡིག་ལ“མ་ལ་དུངས་བའི་བྱུང་ཚུལ”ལྟ་བུར་ཐད་སྒྱུར་བྱས་ན་བསྒྱུར་བྱའི་མ་ཡིག་གི་བརྗོད་དོན་མཚོན་མི་ཐུབ་པ་མ་ཟད་སྒྱུར་བྱེད་བུ་ཡིག་ལ་ཁ་གཏད་པའི་ཀློག་པ་པོས་ཀྱང་གོ་མི་ཐུབ་པས། རྒན་ར་ས་བསྟན་འཛིན་ཆོས་གྲགས་ལགས་ཀྱི་འགྱུར་ལྟར་“ཨ་ཏི་ཕུ་སིའི་དུང་ཞེན”ཞེས་སྒྱུར་ནས་དེར་གསལ་བཤད་ཀྱི་ཚུལ་དུ(ཨ་ཏི་ཕུ་སི་ནི་ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་ནང་སྐྱོ་གར་གྱི་རྣམ་པས་ཕྱུག་པའི་མི་སྣའི་མཚོན་བྱེད་ཅིག་རེད། མི་སྣ་དེས་རང་གི་ཕ་བསད་པ་དང་། མ་མནའ་མར་ལེན་པའི་ཡིད་སྐྱོ་བའི་ལས་དབང་གི་བསྐོས་ཐང་དེ་མཚོན་པ་མ་ཟད། སེམས་ཁམས་རིག་པའི་མཁས་དབང་ཧྥུ་རོ་དབྱི་ཊའི་དགོངས་པ་ལྟར་ན། དེ་ནི་མིའི་བག་ལ་ཉལ་བའི་ཤེས་པའི་ཐོག་ཡོད་པའི“མ་ལ་དུང་ཞིང་ཕ་ལ་སྡང་བའི”སེམས་པ་ཞིག་རང་ཤུགས་ནས་ཡོད་པ་སྟོན་པའོ)ཞབས་མཆན་འགོད་དགོས། གཞན“空白理论”ལ“གསབ་སྒུག་གི་སྒྲིག་གཞི”དང་། “形式主义”ལ“རྣམ་གཙོ་རིང་ལུགས”སོགས་སྒྱུར་བྱེད་བོད་སྐད་ཀྱི་ཀློག་པ་པོས་གོ་བདེ་བའི་ཕྱིར་མཆན་འགྲེལ་བཀོད་ནས་གསལ་བཤད་བྱས་ན། མ་ཡིག་གི་བརྗོད་དོན་ཡང་དག་པའི་སྒོ་ནས་ཁྱབ་སྤེལ་བྱེད་པར་ནུས་པ་ཆེན་པོ་ཐོན་ངེས་རེད་སྙམ།
གསུམ་པ། བྱེ་བྲག་སྔོག་བཟོ་གཡར་གསུམ་གྱི་ཐབས་ལམ།
རྩོམ་རིག་གཞུང་ལུགས་དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆ་ལྟ་ཀློག་བྱེད་པའི་སྐབས་སུ་བརྡ་ཆད་འགའ་རེ་བོད་སྐད་དུ་ཡོད་རུང་བཙལ་འཚོལ་གྱི་ཐབས་དང་བྲལ་ཏེ། གསར་བཟོ་བྱས་པ་དཔེར་ན“语境”ལ“སྐད་ལྗོངས”དང“寓言”ལ“གཏམ་དཔེ་དང་དཔེ་ཆོས”སུ་སྒྱུར་བ་ལྟ་བུ། “语境”ཞེས་པར་སྔ་མོ་ནས་བོད་རང་གི་སྐད་ལ་སྐད་ཆའི་བབ་ཅེས་དང་། རྩོམ་རིག་དཔྱད་བརྗོད་ཀྱི་ནང་སྐབས་སུ་བབས་པའི་བརྗོད་བྱའི་དོན་དེར་གོ་བས། “སྐད་བབ”དང“སྐབས་དོན”གཉིས་ལས་གང་རུང་དུ་སྒྱུར་ན་ཆོག་པར་འདོད་པ་དང་། “寓言”ཞེས་པ་ནི་བོད་རང་གི་སྐད་ཡིག་ནང་རབ་རྟོག(རབ་རྟོག་སྒྲུང་གཏམ)ལ་གོ་བས་གསར་དུ་བཟོ་བའི་དགོས་པ་མེད་ལ། བརྡ་ཆད་གཅིག་གྱུར་དང་ཁྱབ་སྤེལ་བྱེད་པའི་འགོག་རྐྱེན་དུ་འགྱུར་བར་མཐོང་།
བོད་སྐད་ཀྱི་མིང་ཚིག་གཅིག་གྱུར་བཟོ་བའི་བརྡ་སྤྲོད་ཀྱི་རྩ་དོན་ལས། “གང་ཞིག་སྒྱུར་བའི་མིང་དག་ཐོག་མར་བསྟན་བཅོས་སྔ་མ་དང་། དམངས་ཀྱི་བརྗོད་ལུགས། ཡུལ་སྐད་བྱེ་བྲག་པའི་སྐད་ལུགས་སུ་ཡོད་མེད་བཙལ་ཅིང་སྔོག་པའི་ཐབས་གཙོ་བོར་བསྟེན་དགོས། གལ་ཏེ་དོན་མཐུན་གྱི་མིང་ཞིག་མ་རྙེད་ན། དོན་ལ་འབྱོར་ཞིང་བོད་སྐད་ཀྱི་སྦྱོར་བ་དང་ཡང་མཐུན་པའི་སྒོ་ནས་ཡིག་འབྲུ་ཉུང་ཞིང་། དོན་ལ་འབྱོར་བ། བརྗོད་པ་བདེ་བ། སྐྱེད་སྟོབས་ཆེ་བའི་མིང་གསར་པ་བཟོ་དགོས”ཞེས་གསུངས་པ་ལས། 《རྩོམ་རིག་གཞུང་ལུགས་འཇུག་སྒོའི》བརྡ་ཆད་བོད་སྒྱུར་ལག་ལེན་གྱི་སྐབས་སུ་བོད་རང་གི་བརྡ་ཆད་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཡོད་དེ། དཔེར་ན། “比喻”ལ“མཚུངས་དཔེ”དང་། “韵文体”ལ“བཅད་མ”དང་། “寓言”ལ“རབ་རྟོག”དང་། “传记”ལ“རྣམ་ཐར”ལྟ་བུ་གསར་བཟོ་བྱེད་མི་དགོས་པར་བོད་སྐད་ཡིག་ཏུ་ཡོད་པའི་བརྡ་ཆད་དག་བེད་སྤྱོད་བྱས་པས་ཡིག་ངོས་ནས་གོ་བ་མི་ལོན་པའམ་ཧེ་བག་ཆེན་པོ་མེད་ཁར་བོད་སྐད་ནང་དུ་སྔར་ནས་སྤྱོད་བཞིན་ཡོད་པས་གཞུང་ལུགས་གང་དེར་འཇུག་པ་བདེ་བ་ཡིན།
གཞན་ཡང་། མ་ཡིག་གི་བསྟན་དོན་གསལ་རྟོགས་བྱེད་སྐབས་བོད་སྐད་ལ་མེད་པའི་བརྡ་ཆད་མང་པོ་ཞིག་ཡོད་པས་མཐའ་གཅིག་ཏུ་སྒྲ་དོན་ཐད་གསུམ་གྱི་སྒྱུར་ཐབས་རགས་པ་ཁོ་ན་སྤྱད་ཚེ་བཙན་སྒྱུར་དང་སྒྱུར་ལོག་པར་འགྲོ་ཉེན་ཆེ་བར་མ་ཟད། སྒྱུར་བྱེད་བོད་རང་གི་སྐད་དུ་མེད་པའི་བརྡ་ཆད་གསར་པ་རྣམས་དུས་ལྟར་ཚད་ལྡན་ཅན་ཞིག་སྒྱུར་རྒྱུ་ནི་སྔོན་ཐོན་གྱི་གཞུང་ལུགས་གང་དེ་ནང་འདྲེན་གྱི་དགོས་མཁོ་ཡིན་པས། བརྡ་ཆད་གསར་བཟོའི་ཐབས་ལམ་སྤྱོད་དགོས་ཏེ། དཔེར་ན། “万花筒”ལ“སྣ་ཚོགས་འཆར་ཤེལ”དང་། “文本”ལ“རྩོམ་ཆོས”དང་། “美学”ལ“མཛེས་རྟོགས་རིག་པ”ལྟ་བུར་གསར་བཟོའི་ཐབས་ཀྱིས་བསྒྱུར་ན། བསྒྱུར་བྱ་མ་ཡིག་གི་བརྗོད་དོན་ཐད་ཀྱི་འདྲ་རྒྱུ་བསྐྱར་མཚོན་བྱེད་ཐུབ་ལ་སྒྱུར་བྱེད་བུ་ཡིག་གི་ཚིག་གི་སྦྱོར་བ་བདེ་ཞིང་གོ་སླ་བས། བསྒྱུར་བྱ་སྒྱུར་བྱེད་གཉིས་ཀྱི་བརྗོད་བྱ་མཐུན་པ་ཙམ་དུ་མ་ཟད། རྗོད་བྱེད་ཚིག་སྦྱོར་ཡང་མཐུན་ཐབས་གང་ལེགས་བྱས་ཡོད།
(སྤེན་པ་གཡུ་སྒྲོན། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་། ཤེས་རམས་ཞིབ་འཇུག་སློབ་མ། བོད་ལྗོངས་སློབ་ཆེན་གྱི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྣམ་གྲངས། ཨང་རྟགས། 2025-GSP-S132)
འབྲེལ་ཡོད་གསར་འགྱུར།