བོད་འགྱུར་བྱིས་སྒྲུང་ཁྲོད་ཀྱི་ཐ་སྙད་སྒྱུར་སྟངས་ལ་རགས་ཙམ་དཔྱད་པ།
སྤྱིར་བྱིས་སྒྲུང་ཡིག་སྒྱུར་ཁྲོད་དུ་སྤྱད་པའི་ཐ་སྙད་ཀྱི་དོན་བྱིས་པ་བྱིངས་ཀྱིས་གོ་ཐུབ་པར་བྱེད་པ་ནི་གནད་ཀྱི་དམ་པ་ཡིན། སྒོས་སུ་བོད་འགྱུར་བྱིས་སྒྲུང་ལ་མཚོན་ན། མ་གཞི་མདོ་དབུས་ཁམས་གསུམ་གྱི་རིག་གནས་ཀྱི་རྒྱབ་ལྗོངས་གཅིག་ཡིན་ཡང་། ཡུལ་ལུང་གི་ཁྱད་པར་དང་འཚོ་བའི་གོམས་གཤིས་མི་འདྲ་བ་སོགས་ཀྱིས་ཐ་སྙད་སྤྱོད་སྟངས་ལ་ཁྱད་པར་ངེས་ཅན་ཞིག་མཆིས་ཏེ། ཅ་དངོས་གཅིག་ལ་ཐ་སྙད་སྣ་ཚོགས་ཐོན་ཡོང་བས། གལ་ཏེ་ཐ་སྙད་དེ་དག་གང་འདོད་དུ་བཀོལ་ཚེ་བྱིས་པ་རྣམས་ཀྱི་དང་ག་འདྲེན་ཐུབ་རྒྱུ་ལྟ་ཅི། བསྟན་བྱའི་ནང་དོན་བརྒྱུད་སྒྲོག་བྱེད་པར་ཡང་མི་ཕན་ཏེ། 《བོད་ཀྱི་བྱིས་པའི་རྩོམ་རིག་རིགས་ལམ་རྣམ་བཤད》ལས། “བོད་ལ་ཆ་མཚོན་ན་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་ཁྱད་པར་ཅུང་ཆེ་བ་དང་ལོ་ཙཱ་བས་རང་གི་ཡུལ་སྐད་དབང་བཙན་པར་བྱས་ཏེ་བསྒྱུར་ན་ས་ཆ་གཅིག་ཏུ་དར་ཡང་གཞན་དུ་ཁྱབ་དཀའ་བས། བོད་ཀྱི་བྱིས་པ་བྱིངས་ནས་དང་ལེན་མི་ཐུབ་པའི་སྐྱོན་ཡོད”ཅེས་གསུངས་ཡོད། དེར་བརྟེན། ང་ཚོས་བྱིས་སྒྲུང་སྒྱུར་སྐབས་ཡུལ་སྐད་བྱེ་བྲག་པའི་ཤན་མ་ཞུགས་པར། ཤིན་ཏུ་གོ་བདེ་བའི་ཡིག་སྐད་བཀོལ་བར་འབད་དགོས་པ་དང་། གཞན་བཀོལ་དགོས་ངེས་ཀྱི་ཁ་སྐད་ཐ་སྙད་འགའ་ཤས་ལ་སྐབས་བསྟུན་གྱི་འགྲེལ་བཤད་རྒྱག་པའི་ཐབས་སོགས་སྤྱད་ནས་བསྟན་བྱའི་དོན་དེ་མདོ་དབུས་ཁམས་གསུམ་གྱི་བྱིས་སྒྲུང་ཀློག་པ་པོས་གོ་ཐུབ་པར་བྱ་རྒྱུ་གལ་ཆེ། འདིར《གྷི་རིམ་བྱིས་སྒྲུང》དཔེ་གཞིར་བྱས་ནས་ཐ་སྙད་སྒྱུར་ཚུལ་འགའ་ཞིག་གླེང་བར་བྱ་བ་ལ།
དང་པོ། ཚིག་མཛོད་ནས་བཙལ་ན་རྙེད་རྒྱུ་ཡོད་པའི་ཐ་སྙད་སྤྱོད་དགོས།
བྱིས་སྒྲུང་གིས་བྱིས་པ་ཚོ་ལྗིད་ཏིག་ཏིག་གི་སློབ་སྦྱོང་འཆིང་རྒྱ་ལས་ཐར་བར་བྱས་ཏེ་དགའ་བ་དང་སྤྲོ་སྣང་སྦྱིན་བཞིན་ཡོད་པས། ང་ཚོས་བྱིས་སྒྲུང་ལོ་ཙཱ་བྱེད་དུས་ཧ་ཅང་ཁ་གསལ་གོ་བདེ་ཞིག་ཏུ་སྒྱུར་བར་འབད་དགོས། བྱིས་སྒྲུང་ནང་དུ་ཐ་སྙད་འགའ་ཤས་ཤིན་ཏུ་ནས་གོ་བདེ་བའི་ཡིག་སྐད་སྤྱད་ཀྱང་བྱིས་པས་གོ་བ་ལེན་མི་ཐུབ་པའི་སྐབས། བྱིས་པ་ལ་ལས་ཚིག་མཛོད་ནས་གོ་དོན་ནམ་འགྲེལ་བཤད་འཚོལ་སྲིད་པ་དང་། བྱིས་པ་མང་ཆེ་བས་ཕ་མ་དང་དགེ་རྒན་སོགས་ལ་འདྲི་སྲིད། དེར་བརྟེན་ཁོ་ཚོར་འགྲེལ་བཤད་གསལ་པོ་ཞིག་ཡོང་ཆེད་དང་ཁུངས་གཏུགས་ས་ལེགས་པོ་ཞིག་ཡོང་ཕྱིར་ཐ་སྙད་གང་དེ་ཚིག་མཛོད་སོགས་ནས་བཙལ་ན་རྙེད་རྒྱུ་ཡོད་པ་ཞིག་བྱུང་ན་ལེགས་པར་སྙམ།
དཔེར་ན། 《གངས་དཀར་སྲས་མོ》ཡི་མ་ཡིག་ཏུ། “她就拿出有毒的梳子,高高地举着。”ཞེས་པའི་ནང་གི“梳子”ཞེས་པ་འགྱུར་ཡིག་ཏུ“རྒྱུག་ཤད་དམ་སོ་མང”ཞེས་ཁ་སྐད་ཀྱི་རང་བཞིན་ལྡན་པའི་ཐ་སྙད་སྤྱད་ན་མི་ཆོག་པ་མེད་དེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ཡི་ནང་དུ“རྒྱུག་ཤད་དམ་སོ་མང་ནི་སྐྲ་ཤད་ཀྱི་དོན་ཡིན”ཞེས་འགྲེལ་བཤད་གནང་ཡོད། འོན་ཀྱང་སྤྱིར་ན་བྱིས་སྒྲུང་འདི་བྱིས་པ་ཀུན་གྱིས་གོ་ཐུབ་པར་བྱ་རྒྱུ་གཙོ་བོར་བཟུང་བའི་ཆ་ནས་ཁ་སྐད་རང་བཞིན་ལྡན་པའི་ཐ་སྙད་དང་དོན་མཚུངས་ཀྱི་ཡིག་སྐད་ཐ་སྙད་ཡོད་ཚེ“སྐྲ་ཤད”ལྟ་བུའི་ཐ་སྙད་དེ་རིགས་བཀོལ་ན་འཚམ་པར་མཐོང་སྟེ། སྐྲ་ཤད་ཅེས་པའི་གོ་དོན་གང་ཡིན་ཚིག་མཛོད་ནང་དུ་བཙལ་རྒྱུ་ཡོད་ཅིང་ཀློག་པ་པོས་གོ་བདེ་རྟོགས་སླའི་ཐ་སྙད་ཅིག་ཡིན།
གཞན་ཚིག་མཛོད་ནང་དུ་ཡོད་ཀྱང་ཡུལ་ལུང་མི་འདྲ་བའི་དབང་གིས་ཐ་སྙད་གང་དེར་གོ་བ་ལེན་སྟངས་ཡོངས་སུ་མི་མཐུན་པ་ཡོད་དེ། དཔེར་ན《གཉིད་དུ་གཡུར་བའི་སྲས་མོ》ཡི་མ་ཡིག“锁里插着一把生锈的钥匙”ནང་གི“锁”དེ“ཟྭ”ཞེས་བཀོལ་ཚེ་མ་གཞི་ཚིག་མཛོད་ནང་དུ“ཁ་ལ་བཟའ་རྒྱུའི་ཟྭ་ཚོད་དམ་སྒོ་ལྕགས་ཀྱི་དོན”ཞེས་འགྲེལ་བཤད་གསལ་པོ་ཡོད་ནའང་། དབུས་གཙང་ཁུལ་གྱི་བྱིས་པ་ཙམ་མ་ཟད་མི་རྒན་མང་ཆེ་བས“ཟྭ”ཞེས་ཐོག་མར་བཀླགས་མ་ཐག རྒྱུན་དུ་ཁ་ལ་བཟའ་རྒྱུའི“ཟྭ་ཚོད”ལ་ངོས་འཛིན་བྱེད་སྲིད་པས། འདིར“བཙའ་བརྒྱབ་པའི་ལྡེ་མིག་གཅིག་སྒོ་ལྕགས་ནང་དུ་བཅུག་ནས་བཞག་ཡོད”ཅེས་ཀུན་གྱིས་གོ་ཐུབ་པའི་ཐ་སྙད“སྒོ་ལྕགས”ཞེས་པར་བསྒྱུར་ཚེ་ཅུང་འཐད་པར་མཐོང་ཞིང་། ང་ཚོས་གོ་ལོག་ཐེབས་ཉེན་ཆེ་བའི་ཐ་སྙད་དག་སྤྱོད་པར་འཛེམ་དགོས་པར་སྙམ།
གཉིས་པ། ཡི་གེ་ཕྲལ་ནས་གོ་དོན་རྟོགས་རྒྱུ་ཡོད་པའི་ཐ་སྙད་སྤྱོད་དགོས།
བྱིས་སྒྲུང་ནང་གོ་བདེ་བའི་ཡིག་སྐད་ཐ་སྙད་བཀོལ་ཆེ་ན་མི་སྣ་ཕན་ཚུན་གྱི་གཏམ་གླེང་སྐབས་སུ་དུས་རྒྱུན་གྱི་སྐད་ཆའི་བྲོ་བ་དེ་ཐོན་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཐོན་སྲིད་སྟབས། སྐད་ཆའི་ནང་དུ་ཡུལ་ལུང་བྱེ་བྲག་པའི་ཤན་ཞུགས་པའི་ཁ་སྐད་རང་བཞིན་གྱི་ཐ་སྙད་སྤྱད་པ་མང་པོ་ཡོད། འོན་ཀྱང་། ཡུལ་ལུང་མི་འདྲ་བའི་བྱིས་པས་ཀློག་སྐབས་ཐ་སྙད་གང་དེའི་ནང་དོན་ལ་གོ་བ་ལེན་ཐུབ་རྒྱུ་ཡོད་པ་ཞིག་སྤྱད་ཚེ་ཅུང་བཟང་བར་སྙམ་སྟེ།
དཔེར་ན། 《ཧེང་སེར་དང་ཀེ་ལའེ་ཐེ》ཡི་མ་ཡིག“这两个小东西是我的啦,绝不能让他们从我的手心里跑掉。”ནང་གི“小东西”ཞེས་པ་དེ“ཅ་ལག་ཆུང་ཆུང”ཞེས་ཐད་ཀར་བསྒྱུར་ཚེ་སྐབས་འདིའི་མ་ཡིག་གི་བསྟན་བྱའི་དོན་དང་ཅུང་མི་མཐུན་ལ། གོང་འོག་གི་ནང་དོན་དང་བསྟུན་ནས་དོན་སྒྱུར་ཐབས་ཀྱིས“ཕྲུ་གུ་ཆུང་ཆུང”ཞེས་བསྒྱུར་ནའང་མི་འཚམ་པར་མཐོང་སྟེ། སྐད་ཆ་དུམ་བུ་དེ་སྒྲུང་ནང་དུ་ཆེད་མངགས་ཕྲུ་གུར་མགོ་སྐོར་གཏོང་མཁན་གྱི་རྨོ་བོ་ཞིག་ཡོད་པ་དེའི་ཁ་ནས་ཐོན་པ་ཡིན་པས། གནས་སྐབས་འདི་རུ“ལྟས་ཕྲུག”ཅེས་ཅུང་ཐལ་ཆེ་བའི་ཐ་སྙད་སྤྱད་ཚེ། གཅིག་ནས་མ་ཡིག་གི་དོན་དང་མཐུན་པ་དང་། གཉིས་ནས་ཕྲུ་གུར་གནོད་པ་ཁོ་ན་སྐྱེལ་བར་འདོད་མཁན་གྱི་རྨོ་བོ་དེའི་གཤིས་ཀ་དང་མཐུན་ཆེ། དེ་ཡང་བྱིས་པས་ཐད་ཀར་གོ་བ་ལེན་དཀའ་ཡང་སྒྲུང་གི་གནས་སྐབས་དང་བསྟུན་ན་ནང་དོན་ལ་གོ་བ་ལེན་རྒྱུ་ཡོད་པ་ཞིག་ཡིན།
གསུམ་པ། མིང་རྒྱུའི་དོན་ལ་ཆ་རྒྱུས་ངེས་ཅན་ཡོད་པའི་ཐ་སྙད་སྤྱོད་དགོས།
བོད་འགྱུར་བྱིས་སྒྲུང་གི་ཐ་སྙད་ཡིག་སྒྱུར་སྐབས་བྱིས་པ་རྣམས་ཀྱིས་ཤིན་ཏུ་ནས་གོ་བདེ་བའི་ཐ་སྙད་སྤྱོད་པ་གཙོ་བོར་བཟུང་ཐོག གོང་གསལ་གྱི་སྒྱུར་ཐབས་དེ་དག་ཕུད། གཞན་མིང་རྒྱུ་མང་ཉུང་གང་རུང་གིས་གྲུབ་པའི་ཐ་སྙད་གང་དེའི་ནང་དོན་སྤྱི་དང་ཐ་སྙད་དེའི་ནང་དོན་ཀུན་གྱིས་ཆ་རྒྱུས་ཡོད་པའི་མིང་རྒྱུ་དེའི་གོ་དོན་འདྲ་མཚུངས་ལྡན་པ་ཞིག་བཀོལ་ནའང་ཆོག་པར་སྙམ་སྟེ།
དཔེར་ན། 《ཧེང་སེར་དང་ཀེ་ལའེ་ཐེ》ཞེས་པའི་མ་ཡིག་ཏུ“懒虫、傻瓜、笨蛋”ལྟ་བུའི་ཐ་སྙད་སྤྱད་པ་དེ་དག་ཚིག་ཟིན་དུ་མ་ཡར་གྱིས་ཕྲུ་གུ་གཉིས་འབོད་པའི་གཅེས་མིང་ལ་གོ་བ་ལོག་ཉེན་ཆེ་ཡང་། དོན་དུ་ཕྲུ་གུར་སྨད་པ་དང་གཤེ་གཤེ་གཏོང་བའི་ཐ་སྙད་དུ་འགྲོ་བས། བོད་ཡིག་ཏུ“སྒྱིད་ལུག་ཅན་གྱི་ལྟས་ཕྲུག་དང་། སྐྱག་ལྐུགས། གླེན་པ”ཞེས་ཐ་སྙད་ཅུང་ཐལ་ཆེ་བར་བསྒྱུར་ཚེ། མ་ཡིག་ནང་གི་མ་ཡར་དེའི་སྣང་བརྙན་དང་འཚམ་པར་མཐོང་བ་དང་སྐྱག་ལྐུགས་ཞེས་པའི་ནང་གི“ལྐུགས”ཀྱི་ཡི་གེ་འདིར་མདོ་དབུས་ཁམས་གསུམ་གྱི་བྱིས་པ་ཚང་མས་གོ་བ་ལེན་ཐུབ་པས། སྤྱིར་ན་གཙོ་བོའི་མིང་རྒྱུ“ལྐུགས”དེ་ལ་བརྟེན་ནས“སྐྱག་ལྐུགས”ཞེས་པའི་ཐ་སྙད་འདིའི་ནང་དོན་ལ་གོ་བ་ཅུང་ཟད་ལེན་ཐུབ།
མདོར་ན། བྱིས་སྒྲུང་གི་ཀློག་པ་པོ་ནི་བྱིས་པ་ཆུང་ཆུང་དག་ཡིན་སྟབས། ཁོ་ཚོའི་རིག་པ་རྣོ་མིན་ཇི་ལྟར་ཡིན་རུང་ཤེས་ཚད་དང་ཉམས་མྱོང་སོགས་ནི་རང་ཉིད་ཀྱི་ལོ་ཚོད་དང་མཉམ་པ་མ་གཏོགས། མི་རྒན་ཕལ་མོ་ཆེ་ལྟ་བུའི་བསམ་བློ་དང་ཤེས་རྟོགས་ཀྱི་ཚད་ལ་སླེབས་མེད་ལ། ཉེ་འཁོར་གྱི་དངོས་པོ་མང་པོའི་མིང་ལ་ངེས་ཤེས་དེ་ཙམ་ཟབ་མོ་མེད་པས། བྱིས་སྒྲུང་ཡིག་སྒྱུར་སྐབས་དམིགས་འབེན་ཀློག་པ་པོ་ལ་དམིགས་ནས་ཁོ་ཚོས་དང་ལེན་ཐུབ་སླ་བའི་ཐ་སྙད་བཀོལ་ཏེ་བསྒྱུར་དགོས་པ་གལ་ཆེའོ།།
(བསྟན་འཛིན་ཆོས་སྒྲོན། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་། ཤེས་རམས་ཞིབ་འཇུག་སློབ་མ)
འབྲེལ་ཡོད་གསར་འགྱུར།