སྒྲ་སྙན་ཞབས་བྲོའི་འཁྲབ་ཚན《བཀྲ་ཤིས་ཞབས་བྲོ》ཧྲན་ཤིས་དང་པེ་ཅིང་དུ་འཁྲབ་ཐེངས་དང་པོའི་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོཌ་པ།
ཚེས་21ཉིན། སྒྲ་སྙན་ཞབས་བྲོའི་འཁྲབ་ཚན《བཀྲ་ཤིས་ཞབས་བྲོ》ཧྲན་ཤིས་དང་པེ་ཅིང་དུ་འཁྲབ་ཐེངས་དང་པོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་བོད་ལྗོངས་ཐོག་བརྩེགས་ཁང་ཆེན་གྱི“ཁམས་བཟང་། བོད་ལྗོངས”ཞེས་པའི་ཟློས་གར་ཁང་ཆུང་དུ་འཚོགས་ཤིང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་སྒྲ་སྙན་ཞབས་བྲོ་གསར་རྩོམ་གྱི་རྒྱབ་ལྗོངས་དང་། སྒྱུ་རྩལ་གྱི་ཁྱད་ཆོས། འཁྲབ་ཚན་གསར་རྩོམ་ཁྱབ་གདལ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་རྩོམ་མི་སྣ་གཙོ་བོས་བསམ་ཚུལ་མཉམ་སྤྱོད་དང་ས་ཡུལ་དངོས་སུ་འཁྲབ་ཚན་གྱི་དུམ་བུ་འཁྲབ་སྟོན་བྱེད་པ་བརྒྱུད། སྨྱན་སྦྱོར་དང་ལྟད་མོ་བས་བརྩམས་ཆོས་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་པ་རེད།
《བཀྲ་ཤིས་ཞབས་བྲོ》ནི་ཀྲུང་གོའི་སྒྲ་སྙན་ཞབས་བྲོ་མཚོན་ཚུལ་གཙོ་བོར་བྱས་པའི་བྲོ་གར་བརྩམས་ཆོས་ཐོག་མ་དེ་ཡིན་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ལྷ་རྩེའི་སྟོད་གཞས་སྒྱུ་རྩལ་གྲུབ་ཆ་གཙོ་བོར་བྱས་ནས་ཞབས་བྲོ་དང་། རོལ་དབྱངས། གར་སྟེགས་ཀྱི་མཐོང་ཚོར་བཅས་མཉམ་འདྲེས་བྱས་པ་བརྒྱུད། མི་རབས་གཉིས་བརྒྱུད་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་བརྗོད་ཡོད། བརྩམས་ཆོས་དེའི་ནང་བོད་སྐྱོར་སྨན་པ་དང་བོད་རིགས་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་མོ་གཙོ་གནད་དུ་བྱས་ཏེ། ཞབས་བྲོའི་རྣམ་པ་ནས་མི་རིགས་ཁག་དབར་ཕན་ཚུན་ལྟ་སྐྱོང་དང་སྤུན་ཉེ་འཆམ་མཐུན་གྱི་མི་སེམས་འགུལ་བའི་བརྩེ་སེམས་ཞིབ་བརྗོད་བྱས་པ་མ་ཟད། དེང་རབས་གར་སྟེགས་ཐོག་གི་བོད་ཀྱི་སྲོལ་རྒྱུན་ཞབས་བྲོའི་གསར་གཏོད་ཀྱི་མཚོན་ཚུལ་ཡང་མངོན་ཡོད།
བྲོ་གར《བཀྲ་ཤིས་ཞབས་བྲོ》ཟླ་3ཚེས་28ཉིན་དང་ཚེས་29ཉིན་ཀྲུང་དབྱང་གླུ་གར་ཁང་གི་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་ཞིང་། བྲོ་གར་གྱི་རྣམ་པའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་སྒྲ་སྙན་ཞབས་བྲོའི་སྒྱུ་རྩལ་མཚོན་པར་བྱས་ཏེ། ལྟད་མོ་བར་ཐུན་མོང་མ་ཡིན་པའི་གར་སྟེགས་ཉམས་ལེན་ཐོབ་པར་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།