བུད་མེད་ལ་ཕུལ་བའི་སྙན་ངག
ལྷང་ལྷང་སྙན་པ་སྒྲོག་པའི་བུད་མེད་དུས་ཆེན་སྐབས། །
དུང་དུང་སེམས་ཀྱི་མྱོང་ཚོར་ངག་ལ་བཀོད་འགྱུར་ནས། །
སྐྱིད་སྐྱིད་དུས་ཆེན་རོལ་བའི་གནམ་འོག་བུད་མེད་ལ། །
དྲན་དྲན་སེམས་ཀྱི་དབུས་ནས་སྙིང་གཏམ་ཚིག་གསུམ་ཞུ། །
སྲི་ཞུ་འཆམ་མཐུན་མཐུན་པ་སྤུན་བཞིའི་མཛད་བཟང་དང་། །
སྲོལ་རྒྱུན་རིག་གནས་གནས་ཀུན་དར་ཞིང་རྒྱས་པ་དང་། །
ལོངས་སྤྱོད་རྒྱུ་ནོར་ནོར་བུ་བསམ་འཕེལ་གཏམས་དགོས་ན། །
བུད་མེད་མཁས་མཛངས་མཛངས་མའི་ཡོན་ཏན་བརྒྱད་ལ་འབད། །
མཛེས་འཕྱོར་ཉམས་ལ་བུད་མེད་ཐམས་ཅད་དགའ་མོད་ཀྱང་། །
མཛེས་ཉམས་འཕྱོར་སྒེག་ཀུན་གྱི་མཆོག་ཏུ་གྱུར་པ་ནི། །
མཛེས་སྡུག་དོན་དམ་བསླུ་མེད་རྒྱུ་འབྲས་ཡིད་ཆེས་དང་། །
མཛེས་འཆོས་ཡ་རབས་ཚུལ་མཐུན་སྤྱོད་བཟང་ལྡན་པ་གལ། །
འཕྱོར་པོའི་རྒྱན་དང་མཚར་པོའི་ངོ་ལ་ཞེན་པ་ནི། །
འཕྱོར་འདོད་འགྲོ་བ་མི་ཡི་གདོད་མའི་རང་གཤིས་ལགས། །
འཕྱོར་སྒེག་ལང་ཚོའི་ལུས་ལ་མཛེས་འཆོས་སྤྲས་པ་ལྟར། །
འཕྱོར་མས་སེམས་རྒྱུད་བཟང་པོའི་མཛེས་རྒྱན་སྤྲོས་པར་རེམས། །
ཡ་རབས་མཛངས་སྤྱོད་བརྒྱད་དང་ལྡན་པའི་བུད་མེད་ནི། །
ཡ་རབས་ཕ་མ་ཀུན་ལ་དགོས་པའི་བུ་མོ་དང་། །
ཡ་རབས་སྐྱེས་པ་ཀུན་ལ་མཁོ་བའི་ཆུང་མ་དང་། །
ཡ་ངའི་བུ་ཕྲུག་ཀུན་ལ་བརྩེ་བའི་མ་བཟང་ཡིན། །
མ་རབས་ཁྲེལ་མེད་གཡོ་སྒྱུ་ཅན་གྱི་བུད་མེད་ནི། །
མ་ལ་ཡ་ཡི་ཙན་དན་གདོང་ལ་བྱུགས་པ་འམ། །
མ་དག་ལུས་ལ་མཛེས་རྒྱན་ཇི་ལྟར་སྤྲས་ན་ཡང་། །
མ་རིག་མི་གཙང་བླུགས་པའི་བུམ་བཟང་ཅིས་མི་འདྲ། །
རབ་དཀར་ལྷག་བསམ་ནམ་ཡང་གངས་ལྟར་རབ་དཀར་ལ། །
རབ་མཚར་རྣམ་དཀར་གཞན་ཕན་ལས་ལ་ཡང་དག་འབད། །
རབ་ཡངས་གནས་ལྔར་སྦྱངས་པས་བབ་ཆགས་ངད་ལྡང་བ། །
རབ་བརྟན་ལ་རྒྱ་ཟབ་པའི་མཛངས་མར་རབ་ཏུ་དད། །
རྡོ་རྗེའི་གཤིས་ལྟར་བཟོད་པའི་སེམས་མཆོག་རྟག་ཏུ་གོམས། །
གོམས་པ་ཀློང་གྱུར་བྲལ་ན་ཞེ་སྡང་མེ་བཞིན་འབར། །
འབར་འབུར་ཀྱག་ཀྱོག་མི་ཚེའི་བུད་ཤིང་འགལ་ཟླ་ཡིས། །
ཡིད་དགའི་བདེ་སྐྱིད་བསྲེགས་པས་སྡུག་བསྔལ་དུ་ཐལ་བྱུང་། །
མི་ཡི་མི་ཚེ་ཇི་སྲིད་འཚོ་བ་དེ་སྲིད་བར། །
མི་དང་མི་ཡི་དབར་ལ་ཕན་ཚུན་འབྲེལ་འདྲིས་དགོས། །
མི་མཐུན་མི་བྱུང་བར་ན་ཕོག་ཐུག་ཡོང་སྲིད་པས། །
མི་ཆོས་མི་འགལ་ཁོག་ཡངས་དཀྱེལ་ཆེ་གནང་རྒྱུ་གལ། །
སྐྱེས་པ་སྤྱིར་ན་བསམ་བློ་བྱ་གཞག་ཐོག་ལ་བསྐོར། །
སྐྱེས་དམན་ཕལ་ཆེར་ལུས་སེམས་ཁྱིམ་སྐྱོང་ལས་ལ་བྲེལ། །
སྐྱེས་མཆོག་མོ་དམན་སྲོལ་རྙིང་ལྟ་བ་མ་ཡིན་ལ། །
སྐྱེས་དམན་མ་ཡིན་མཛངས་མར་ཡོན་ཏན་ལྡན་པའི་རྟགས། །
རྙོག་འཛིང་སྤྱི་ཚོགས་ནང་དུ་དུཿཁའི་མི་ཁ་མང་། །
ཡིན་མིན་བསྟོད་སྨད་གང་ཡང་ཡང་ཡང་ཐོས་སྲིད་པས། །
རང་ཚུགས་མ་ཤོར་ཤེས་རབ་རབ་ཅིག་བསྟེན་བྱས་ནས། །
གཞན་སེམས་མ་དཀྲུཊ་ཚུལ་མཐུན་མཐུན་སྒྲིལ་ལས་ལ་འབད། །
ཕ་རོལ་ནོར་ལ་བརྐམ་ཆགས་ཆགས་སེམས་སྤོངས། །
མཐོན་པོའི་གོ་གནས་ཐོབ་འདོད་འདོད་པའི་མེ་ཕུང་གཏོར། །
བདེན་པའི་ལྟོ་གོས་ལས་བྱའི་བྱ་བར་བརྩོན་པ་བསྐྱེད། །
བདེ་སྐྱིད་རྩ་བ་དངུལ་ལོར་མིན་པ་མཁྱེན་པར་མཛོད། །
དྭངས་གཙང་སེམས་བཟང་བཟང་སྤྱོད་འཇིག་རྟེན་ནོར་བུ་ཡིན། །
ལྷད་མེད་བརྩེ་དུང་དུང་ཟབ་མི་ཚེའི་བདེ་སྐྱིད་ཡིན། །
གཞན་ཕན་མཛད་བཟང་བཟང་སྤྱོད་ས་བོན་བཏབ་པ་ཡིས། །
མཚུངས་མེད་བྱམས་བརྩེའི་བརྩེ་བས་འབྲས་བཟང་སྨིན་པར་ཤོག །
འབྲེལ་ཡོད་གསར་འགྱུར།