ཕ་ཡུལ་གྱི་ཟླ་བ་གཞན་ལས་གསལ།
མི་ཀུན་ལ་ཕ་ཡུལ་རེ་ཡོད་ཅིང་། ཕ་ཡུལ་གྱི་མཁའ་དབྱིངས་སུ་ཟླ་བ་རེ་ཡོད་པས། ཚང་མ་ཕ་ཡུལ་གྱི་ཟླ་བར་དགའ་ཞིང་དུངས། ཚང་མ་ངང་ཚུལ་འདི་ལས་མ་འདས། ཡིན་ནའང་། གལ་སྲིད་ཟླ་བ་ཁེར་རེ་མ་གཅིག་ལས་མེད་ན་ཁེར་རྐྱང་གི་ཚོར་བ་ཞིག་འགོག་མེད་དུ་སྐྱེ་སྲིད་པས། ཀྲུང་གོའི་གནའ་རབས་སྙན་ངག་གི་ཁྲོད་དུ། ཟླ་བའི་ཉེ་ལོགས་སུ་དངོས་པོ་གཞན་གྱིས་མཐའ་རྒྱན་བྱས་ཡོད་ལ། དེ་ལས་མང་ཆེ་བ་རི་བོ་དང་ཆུ་བོ་ཡིན། དཔེར་ན“རི་བོ་མཐོ་ཞིང་ཟླ་བ་ཆུང་སྣང་བསྐྱེད། །”ཅེས་དང་། “མཚེའུའི་ཀློང་དུ་ཟླ་གཟུགས་འཕོས”སོགས་ལྟ་བུ་བགྲང་གིས་མི་ལང་བ་ཡོད།
ངའི་ཕ་ཡུལ་ཧྲན་ཏུང་ཞིང་ཆེན་ནུབ་བྱང་ཕྱོགས་ཀྱི་ཐང་གཤོང་ཆེན་མོར་ཆགས། ང་རང་ལོ་ན་ཕྲ་བའི་སྐབས་རི་བོ་མཐོང་མ་མྱོང་བས་རི་བོ་ཟེར་བ་ཅི་ཞིག་ཡིན་པའང་མི་ཤེས། ངས་སྔོན་ཆད་རི་བོ་ནི་ནམ་མཁའ་སྟོབས་ཀྱིས་འགྱོགས་པའི་ཟླུམ་ཞིང་རགས་པའི་ཀ་ཆེན་ལྟ་བུ་ཞིག་ལོས་ཡིན་སྙམ་མྱོང་།
རྗེས་སུ་ཅི་ནན་དུ་འབྱོར་རྗེས། ད་གཟོད་རི་བོ་མཐོང་ཞིང་། རི་བོ་ཟེར་བ་གང་འདྲ་ཞིག་ཡིན་པ་གཞི་ནས་ཤེས། ངས་ཕ་ཡུལ་ནས་ཟླ་བར་ལྟ་དུས་དེའི་སྡོང་ཟླ་རུ་ཡོད་པའི་རི་བོར་དོ་སྣང་བྱེད་མ་མྱོང་བས། སུའུ་ཏུང་ཕོ་ཡི་སྙན་ཚིག“ཤར་རིའི་རྩེ་ནས་ཟླ་གཞོན་ཚེས། །རྒྱུ་སྐར་བྱེ་བའི་དབུས་སུ་རྩེན། །”ལྟ་བུ་ནི་ངའི་ཡིད་ཀྱི་རྒྱ་ལའང་འཁོར་མ་མྱོང་།
ཆུ་ལ་མཚོན་ན་ངའི་ཕ་ཡུལ་དུའང་ཆུ་སྣ་ཆེ་ཆུང་མང་པོ་ཡོད།
མཐའ་འཁོར་དུ་འདམ་རྩྭས་གང་བའི་འོབས་རྫིང་གིས་སྡེ་བའི་ས་ཁྱོན་གྱི་ཕྱེད་ཙམ་ཟིན། བྱིས་དུས་ཀྱི་ངའི་མིག་ལམ་ན་འོབས་རྫིང་དེ་དག་ལ་ཏུང་ཐིང་མཚེའུའི“ཟླ་བ་བརྒྱད་པའི་མཚོ”ལྟ་བུའི་ཟིལ་ཉམས་ཤིག་མེད་ཀྱང་། རྦ་རླབས་གཉེར་རིས་ལྟ་བུ་ནི་བརྩེགས་མར་ཡོང་། དབྱར་ཁའི་ས་སྲོད་ལ་བདག་འོབས་རྫིང་འགྲམ་གྱི་ར་སྐོར་ནང་གན་རྐྱལ་དུ་ཉལ་ཏེ་དགུང་གི་སྐར་མ་བརྩི་བར་སྤྲོ།
སྐབས་འགར་ལྕང་སྡོང་འོག་ཏུ་མེ་བུས་རྗེས། སྡོང་རྩེར་འཛེགས་ནས་ཡལ་ག་བསྒུལ་ཚེ་འབུ་འཛིང་འཛིང་མང་པོ་མར་འཕུར་འོང་བས་ཉིན་མོར་གྲོ་རྡོག་བལྡད་རྗེས་ཀྱི་གྲོ་འདག་ཏུ་འབྱར་དུ་བཅུག་ནས་བཟུང་ན་སླ་མོ་ཡོད། དུས་དེར་མཚན་མོ་རེ་རེར་སྤྲོ་བས་ཁེངས་པས། ས་རུབ་པར་རེ་ཞིང་བསྒུགས།
མུན་ཅུང་ཙམ་རུབ་རྗེས། འོབས་རྫིང་གི་འགྲམ་དུ་ཕྱིན་ནས་དགུང་གི་ཟླ་བར་བལྟས་ན། ཟླ་བའི་འོད་སྣང་ཕྱོགས་ཀུན་ཏུ་ཁྱབ་ཅིང་ཆུ་ནང་དུ་ཟླ་བའི་གཟུགས་བརྙན་གསལ་ལེར་ཤར་འདུག སྐབས་དེར། ངས་ཅི་ཞིག་ལ་སྙན་ངག་པའི་སེམས་ཚོར་ཟེར་བ་མ་ཤེས་མོད། ཕྱོགས་བཞིའི་མཛེས་པ་ཉམས་སུ་མྱངས་ཏེ་སྤྲོ་དགའི་དཔལ་ལ་འབྱམས་དུས། སེམས་ཁོང་ནས་ཚོར་བ་སྣ་ཚོགས་འགུལ་ཞིང་འཁྲིགས་པའི་སྣང་བ་སྐྱེས་མྱོང་། ཡང་སྐབས་འགར་འོབས་རྫིང་གི་འགྲམ་དུ་རྩེ་དགར་གཡེངས་ཏེ་ཡུད་ཙམ་ཕྱིན་པས་ཕྱིར་ཁྱིམ་དུ་ལོག་ནས་གཉིད་པ་ཡིན། རྨི་ལམ་དུ་ཟླ་བ་གཉིས་ལྷན་གཅིག་བརྩེགས་ཏེ་ཡོད་པས་འོད་མདངས་རབ་ཏུ་གསལ། ཕྱི་ཉིན་སྔ་མོ་ནས་ལངས་ཏེ་འདམ་རྩྭའི་གསེབ་ཀྱི་བྱ་གག་གི་སྒོ་ང་ལེན་དུ་ཕྱིན་ན། བྱ་གག་གི་སྒོ་ང་དཀར་ཀྲིག་གེར་ཡོད་པས། ལག་པ་ཆུ་ནང་དུ་སྲིང་ཐེངས་རེར་སྒོ་ང་རེ་ལོན་པས་སྤྲོ་བ་འགོག་མེད་དུ་འཕེལ་ཡོང་།
ང་རང་ཕ་ཡུལ་ནས་ལོ་དྲུག་ལ་བསྡད་རྗེས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་གཞན་ཡུལ་འགྲིམས།
ཅི་ནན་ནས་ལོ་བཅུ་བསྐྱལ། པེ་ཅིང་དུ་ལོ་བཞིར་བསྡད་རྗེས་ཕྱིར་ཅི་ནན་དུ་ལོག་ཅིང་། ལོ་གཅིག་ལ་བསྡད།
དེའི་རྗེས་སུ་ཡོ་རོབ་ཏུ་ཕྱིན་ནས་ལོ་བཅུ་གཅིག་འགོར་རྗེས། ཡང་བསྐྱར་ཕྱིར་པེ་ཅིང་ལ་འབྱོར་ཞིང་ད་བར་དུ་མི་ལོ་བཞི་བཅུ་ལྷག་འདས། འཛམ་གླིང་གི་རྒྱལ་ཁབ་སུམ་ཅུ་ལྷག་བསྐོར་བས་རྣམ་པ་མི་འདྲ་བའི་ཟླ་བ་མང་པོ་ཞིག་མཐོང་།
བཀྲག་མདངས་རྣམ་པར་འཚེར་བའི་སི་ཝེས་ཙེར་རྒྱལ་ཁབ་ཀྱི་རུ་ནེ་ཝ་གཙང་བོའི་འགྲམ་དང་། མུ་མཐའ་མེད་པའི་ཨ་ཧྥེ་རི་ཁ་གླིང་གི་བྱེ་ཐང་ཆེན་པོའི་སྟེང་། གཡུ་ཡི་མེ་ལོང་འདྲ་བའི་རྒྱ་མཚོ་ཆེན་པོའི་དབུས། མཐོ་ཞིང་བརྗིད་པའི་རི་རྩེ་སོགས་ནས་ཟླ་བའི་མཛེས་པར་རོལ་མྱོང་། ཡུལ་ལུང་དེ་དག་གི་ཟླ་བར་ཡང་མཛེས་ཁྱད་རྨད་དུ་བྱུང་བས། ཁོ་བོ་ལྷག་ཏུ་དགའོ།།
ཡིན་ནའང་། དེ་དག་མཐོང་ཚེ་ངས་འཕྲལ་མར་ཕ་ཡུལ་ཕྱོགས་ཀྱི་མཐའ་འཁོར་འདམ་རྩྭས་གང་བའི་འོབས་རྫིང་ལ། ཡར་བལྟས་ཀྱི་ཟླ་བ་དང་མར་བལྟས་ཀྱི་ཟླ་གཟུགས་ཀྱིས་རབ་ཏུ་བརྒྱན་པའི་སྣང་བརྙན་གསལ་ལེར་དྲན་ཡོང་། ཁྱོན་ཡངས་པའི་འཇིག་རྟེན་སྣ་ཚོགས་པའི་ཟླ་བ་གོར་གོར་འདི་དག ངའི་སེམས་ཁོང་ན་གནས་པའི་ཟླ་བ་ཆུང་ཆུང་དེ་དང་བསྡུར་ཐབས་བྲལ། ངས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ། ཕ་ཡུལ་དང་རྒྱང་ཐག་ཇི་ཙམ་རིང་བའི་སར་བསྐྱོད་ཀྱང་། ཡིད་དབང་སྐད་ཅིག་ཉིད་དུ་རང་ཡུལ་ཕྱོགས་སུ་འཆོར་འགྲོ།
ངའི་ཟླ་བ་ཆུང་ཆུང་། ངས་ཁྱོད་ནམ་ཡང་བརྗེད་མི་སྲིད།
ང་རང་ད་ལྟ་ལོ་བརྒྱད་ཅུར་སོན་ལ་ཉེ་ཞིང་ལང་རོན་གླིང་ཀར་གཞིས་ཆགས་ཡོད། གནས་འདིར་ནགས་ཚལ་སྟུག་པོ་དང་དྭངས་གཙང་གི་ཆུ་བོ་ཡོད་པར་མ་ཟད། དེའུ་འབུར་ཆུང་ཆུང་འགས་ཕྲ་རྒྱན་བཏབ་པའི་མཛེས་ལྗོངས་ལ་ངོ་མཚར་གསར་པ་བསྣན་ཡོད། ཁོ་བོ་ལོ་འགའི་སྔོན་དུ་ལུའུ་ཧྲན་རི་བོར་ཁམས་གསོར་ཕྱིན་ཏེ་ཕྱིར་འབྱོར་རྗེས། ལུའུ་ཧྲན་རི་བོར་ཁམས་གསོ་བྱེད་དུས་ངོ་ཤེས་པའི་གྲོགས་པོ་ཞིག་འདི་གར་ཕེབས། ཁོས་ཡུལ་ལྗོངས་འདི་མཐོང་བའི་མོད་ལ་ངག་སྒོ་ནས“ཁྱོད་འདི་འདྲའི་གནས་བཟང་པོ་ཞིག་ཏུ་བསྡད་ཡོད་ཀྱང་། ད་དུང་གནས་གཞན་ལུའུ་ཧྲན་རི་བོར་འོང་དོན་ཅི”ཞེས་བཤད་བྱུང་བ་ལ་བསམས་ན། ལང་རོན་གླིང་ཀས་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་དང་འཇོག་བཞིན་ཡོད་པ་རྟོགས་ཐུབ།
གནས་འདི་རུ་རི་བོ་དང་ཆུ་བོ། ཤིང་སྡོང་། མེ་ཏོག་དང་བྱེའུ་སོགས་ཡོད་ལ། ཟླ་རེའི་ཚེས་བཅོ་ལྔར་ཟླ་བར་ལྟ་དུས་བཅོ་ལྔའི་ལྷ་ཟླ་མཁའ་ཀློང་ན་སྒོར་འཁྱིལ་ལེར་ཡོད་པ་མཐོང་ཐུབ། ཟླ་བའི་གཟུགས་བརྙན་མཚེའུ་ངོགས་སུ་གསལ་ལེར་ཤར་ཞིང་། སྨུག་རླངས་ལང་ལོང་དུ་གཡོ། མཚེའུའི་མཐའ་མི་མངོན་ཞིང་། པད་རྫིང་རྒྱང་ན་གནས་ཀྱང་དྲི་ཞིམ་ཉེ་བར་མཆེད་འོང་བ་མ་ཟད། ཚང་དུ་ལོག་པའི་བྱེའུས་སྐད་སྙན་སྒྲོག་པར་བྱེད་པས། ཟླ་བའི་མཛེས་ཁྱད་ཉམས་སུ་མྱོང་བའི་གནས་མཆོག་ཏུ་ཅིས་ཀྱང་བརྗོད་ཆོག་པའི་ཚོད་དུ་གདའ།
པད་རྫིང་གི་ཟླ་བའི་མཛེས་པ་སྒེའུ་ཁུང་ཕྱི་རོལ་ནས་འདྲེན་བྱེད་ཡུལ་དུ་བསྟར་ཡོད་པས། གནས་མཆོག་འདིའི་མཛེས་ལྗོངས་ཀྱིས་ཡིད་ཀྱི་དང་བ་མི་འདྲེན་མཁན་སུ་ཞིག་ཡོད་ཨང་།
འོན་ཀྱང་། འདི་འདྲའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཐེངས་རེར། ངས་སྔར་བཞིན་ཕ་ཡུལ་གྱི་ཆེས་སྤྱིར་བཏང་གི་ཟླ་བ་དེ་དྲན་འོང་། ཟླ་བ་མཐོང་ཐེངས་རེར་ཕ་ཡུལ་དྲན་པ་ནི་གོམས་ལོབས་སུ་སོང་འདུག ཕ་ཡུལ་དྲན་པའི་གདུང་བ་དེ་སྐྱིད་སྡུག་གང་ལ་གཏོགས་པ་བརྗོད་མི་ནུས་མོད། དེའི་ཁྲོད་དུ་བློ་ཕམ་དང་ཞེན་ཆགས། ཕངས་སེམས་སོགས་ཀྱིས་གང་ཡོད་པ་སྨོས་མི་དགོས། ལོ་ཟླ་ཁད་ཀྱིས་འདས། འདས་ཟིན་པ་མཐའ་དག་ལ་ཕྱིར་འོང་ཐབས་ག་ལ་ཡོད། དཀའ་སྡུག་གི་འཚོ་བའི་ཁྲོད་དུ་རང་ལ་དབང་བའི་བདེ་སྐྱིད་ཅིག་ཀྱང་མཆིས།
ཕ་ཡུལ་དྲན་པའི་གདུང་བའི་ཁྲོད་དུ་ཕ་ཡུལ་གྱིས་གནང་བའི་དྲོད་ཁོལ་ཞིག་ཀྱང་གནས།
ཕ་ཡུལ་གྱི་ཟླ་བ་གཞན་ལས་གསལ། ངས་ནམ་ཞིག་སླར་ཡང་རང་ཡུལ་གྱི་ཟླ་བ་མཐོང་ཐུབ་བམ།
ཁོ་བོས་ལྷོ་ཕྱོགས་སུ་ལྟ་བཞིན་སེམས་ཀྱི་རྟ་ཕོ་ཕ་ཡུལ་ཕྱོགས་སུ་ཤོར་སོང་།
(ཅི་ཞན་ལིན་གྱིས་བརྩམས། བསོད་ནམས་དབང་རྒྱལ་གྱིས་བསྒྱུར)
འབྲེལ་ཡོད་གསར་འགྱུར།