བདེ་སྐྱིད་གང་དུ་ཡོད།
ལར་གོ་ལ་ཟླུམ་པོར་འདིར་འཚོ་གཞེས་གནང་བའི་སྐྱེ་བོ་རྒན་དར་གཞོན་གསུམ་ཀུན་གྱིས་རང་ཉིད་གནས་སའི་འཇིག་རྟེན་ཆུང་ཆུང་འདི་ནས་བདེ་སྐྱིད་འཚོལ་སྙེག་བྱེད་པར་དུས་གསུམ་ཀུན་ཏུ་དཀའ་སྤྱད་འབད་བརྩོན་གྱི་བགྱི་བ་ཁུར་དུ་བཞེས་བཞིན་པ་ནི་སྨོས་མེད་རེད། སྙིང་ཉེ་བའི་ཀློག་པ་པོ་ལགས། འོ་ན། ཁྱེད་ཀྱིས་བདེ་སྐྱིད་གང་དུ་ཡོད་པ་ཤེས་སམ།
རེ་འགས་གླེང་ན། ལྷོ་ཚོང་བྱང་དུ་འདྲེན་ཞིང་བྱང་ཚོང་ལྷོ་རུ་དབོར་བཞིན། འཁྲུག་ཆ་དོད་པའི་ཁྲོམ་རའི་འགྲན་རྩོད་ཀྱི་ཁྲོད་དུ་རྒྱལ་ཁའི་དཔའ་རྟགས་གཟེངས་སུ་ཐོན་པ་ལོན་ཞིང་། རྒྱུ་དང་ནོམ་པར་ཐོགས་པ་མེད་པར་ཀླུ་དབང་ཆེན་པོར་འགྲན་པའི་ཚོང་དཔོན་ཞིག་ལ་ད་གཟོད་བདེ་སྐྱིད་ལྡན་ངེས་རེད་ཅེས་བརྗོད་སྲིད། ཡང་ལ་ལས་གླེང་ན། མཐོན་པོའི་གོ་སར་ཞུགས་ནས་གཤམ་འོག་གི་མི་སྣ་མང་པོར་བཀོད་པ་གཏོང་མཁན་གྱི་དཔོན་པོ་ཞིག་ཡིན་ན་ད་གཟོད་བདེ་སྐྱིད་ལྡན་པར་སེམས། ཡང་རེ་འགས་གླེང་ན། ཁང་པ་ཆེན་པོ་ཞིག་གམ་རླངས་འཁོར་རྫིག་པོ་ཞིག ཡང་ན། དངུལ་ལོར་མང་པོ་ཞིག་གམ་ལས་གནས་ཡག་པོ་ཞིག ཆུང་མ་མཛེས་པོ་ཞིག་ཡོད་ན། ད་གཟོད་རང་ཉིད་ཀྱི་མི་ཚེ་དེ་བདེ་སྐྱིད་ལྡན་པ་ཞིག་རེད་ཅེས་གླེང་སྲིད།
དོན་དུ་བདེ་སྐྱིད་ནི་རྒྱུ་དངོས་པོ་ཁོ་ནས་ཅི་ལ་མཚོན་པར་ནུས་ཏེ་ནམ་ཡང་མཚོན་པར་མི་ནུས་སོ། ཁང་པ་བཀོད་པ་ལེགས་ཀྱང་ནང་དུ་དགོད་སྒྲ་དབེན་ན། ནང་མི་ཚོས་བདེ་སྐྱིད་ཀྱི་ཚོར་སྣང་ཅི་ལ་མྱོང་ཐུབ། རླངས་འཁོར་རྫིག་པོ་ཞིག་ཡོད་ཀྱང་བདེ་འཇགས་ལ་འགན་སྲུང་མ་ཐུབ་ན། ནང་དུ་ཞུགས་མཁན་འགྲུལ་པ་ཚོར་བདེ་སྐྱིད་ཀྱི་ཚོར་བ་ཞིག་ཅི་ལ་སྟེར་སྲིད། ཆུང་མ་མཛེས་པོ་ཡོད་ཀྱང་ཕན་ཚུན་ལ་དྭངས་གཙང་གི་བརྩེ་བ་རྣལ་མ་མེད་ན། བརྩེ་དུང་གི་མངར་ཁ་དེ་བས་རྟོགས་མི་སྲིད་དོ།
དོན་དུ་བདེ་སྐྱིད་ནི་ཤེས་མེད་ཚོར་མེད་དུ་ང་ཚོ་མི་རེ་ངོ་རེའི་མདུན་དུ་ལྷགས་བཞིན་ཡོད། བདེ་སྐྱིད་ནི་སྐོམ་གདུང་སྐབས་ཀྱི་གྲང་བསིལ་བསིལ་གྱི་ཆུ་གྲང་མོ་ཁྱོར་བ་གང་ཡིན་ལ། བཀྲེས་ལྟོགས་སྐབས་ཀྱི་རྩམ་པ་སྙིམ་པ་གང་གི་སྤགས་གོང་དེ་ཡིན། བདེ་སྐྱིད་ནི་ཁྱིམ་ལ་ལོག་དུས་ཨ་མར་ཉོས་པའི་ཀུ་ཤུ་རྒྱ་མ་ཁ་ཤས་ཀྱི་རྔན་པ་དེ་ཡིན་ལ། ཁྱིམ་ནས་ཐོན་དུས་ཨ་མས་བསྐུར་བའི་ཕྱུར་སྐམ་འགྱིག་ཁུག་གང་དེ་ཡང་ཡིན་སྲིད།
བདེ་སྐྱིད་ནི་ནང་མི་རྒན་གཞོན་དག་ཉིན་གཅིག་གི་ལས་ཀའི་མཇུག་རྫོགས་ནས་གོ་ཁ་དྲོན་མོར་སྔ་རྒྱུས་ད་རྒྱུས་ཤོད་ཀྱིན་རྩམ་ཐུག་སླ་པོའི་བྲོ་བ་མྱོང་བའི་གནས་སྐབས་དེ་ཡིན་སྲིད་ལ། ནང་མི་སྤུན་མཆེད་ལྷན་འཛོམས་ཀྱིས་དགའ་སྐྱིད་ལྡན་པའི་དགོད་སྒྲ་དེའང་ཡིན། ཡུན་རིང་མ་འཕྲད་པའི་གྲོགས་དང་གྲོགས་མོའི་བར་གྱི་མཛའ་གཅུགས་ཀྱི་སྙིང་གཏམ་དག་ཀྱང་ཡིན་ངེས་ལགས།
བདེ་སྐྱིད་ནི་རང་ཉིད་ལས་ཀ་གྲོལ་ནས་དྲོ་སོབ་སོབ་ཀྱི་རང་ཁྱིམ་གྱི་སྒོ་མོ་འཛུལ་དུས། གཉོམ་དུང་དུང་གི་བུ་མོས་རང་ཉིད་འབོད་པའི་གཅེས་སྐད་སྙན་པོ་དེ་ཡིན་ལ། བྱམས་དུང་དུང་གིས་ཆུང་མས་རང་ཉིད་ཀྱི་ལག་ཏུ་སྤྲད་པའི་ལུས་ངལ་གསོ་བའི་ཇ་ཐང་ཚ་པོ་ཕོར་པ་གང་དེའང་ཡིན།
ཕ་འཛོམས་མ་འཛོམས་ཀྱི་བུ་ཕྲུག་ཚོ་ནི་འཇིག་རྟེན་འདིའི་ཐོག་གི་བདེ་སྐྱིད་ཆེ་ཤོས་ཀྱི་ཕྲུ་གུ་དག་ཡིན་ངེས་ལ། ཚ་བོ་ཚ་མོ་པང་དུ་ཉར་བའི་རྒན་རྒོན་ཚོ་ནི་འཇིག་རྟེན་འདིའི་བདེ་སྐྱིད་ཆེ་ཤོས་ཀྱི་སྐྱེ་བོ་དག་ཡིན་ཡང་སྲིད།
དོན་དུ་ལུས་ལ་ན་ཚ་མེད་ན་བདེ་སྐྱིད་ཡིན། སེམས་ལ་སྡུག་བསྔལ་མེད་ན་བདེ་སྐྱིད་ཡིན། ནོར་ལ་ཆོག་ཤེས་ཡོད་ན་བདེ་སྐྱིད་ཡིན། ཕན་ཚུན་ཕྲག་དོག་མེད་ན་བདེ་སྐྱིད་ཡིན། བརྣབ་སེམས་གནོད་སེམས་སྤངས་ན་བདེ་སྐྱིད་ཡིན། གཞན་གྱི་ཡོན་ཏན་བརྗོད་ན་བདེ་སྐྱིད་ཡིན། རང་སྐྱོན་རང་གིས་ཤེས་ན་བདེ་སྐྱིད་ཡིན། གཞན་ཕན་ལྷག་བསམ་བཅངས་ན་བདེ་སྐྱིད་ཡིན།
ཆུ་ཆེན་གྱི་རབ་ཁ། དཀན་གཟར་གྱི་ལ་ཆེན། གཏིང་རིང་གི་ངམ་གྲོག ཐག་རིང་གི་བཤུལ་ལམ། ཁོད་ཡངས་ཀྱི་ཐང་གཤོངས། ཆུ་གཏེར་གྱི་འཇིངས། ས་འཛིན་གྱི་རྩེ་མོ། སྔོ་བསངས་ཀྱི་ལྷ་ལམ་སོགས་གང་དུ་བཙལ་ཡང་བདེ་སྐྱིད་ནི་ལར་ནས་རྙེད་མི་སྲིད་དེ། བདེ་སྐྱིད་ནི་སྐྱེ་བོ་སོ་སོའི་ཡིད་ཀྱི་ལྡིང་ཁང་ན་ནམ་ཡང་ཞུགས་ཡོད་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཅིས་ཀྱང་རང་གི་སེམས་ཁམས་ལ་བྱི་དོར་ལེགས་པར་བྱས་ཏེ། སེམས་བསམ་པའི་གཏིང་ནས་བདེ་སྐྱིད་ཚོར་ཐུབ་པ་གང་ཞིག དེ་ལ་གཅེས་འཛིན་ལེགས་པར་བྱས་ན། ད་གཟོད་རང་ཉིད་སྡུག་བསྔལ་གྱི་མུན་དོང་ལས་ཐར་ཏེ་བདེ་སྐྱིད་ཀྱི་ཉི་ཟེར་དྲོན་མོ་ཕྱོགས་རིས་མེད་པར་འཕྲོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།