དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་ཕའི་བརྩེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཟླ་བ་ཆུང་ཐག   |     སྤེལ་དུས།  2026-03-01

    ཆུང་དུས་ཨ་ཕའི་བརྩེ་བ་མ་ཤེས། གཞན་ལ་ལད་མོ་བྱས་ནས་ཨ་ཕས་ང་ལ་བཅངས་པའི་བརྩེ་བ་རི་ལ་དཔེ་སྦྱར་ནས་བརྗོད། ནར་སོན་རྗེས། ད་གཟོད་ངས་ཨ་ཕའི་བརྩེ་བ་ནི་དམིགས་བསལ་ཞིག་ཡིན་པ་རྟོགས། གཞན་གྱིས་རི་བོ་དཔེ་ལ་སྦྱར་ནས་ཨ་ཕའི་བརྩེ་བ་མཚོན་པར་བྱེད་པ་ནི། ཕལ་ཆེར་འཚོ་བའི་ཁྲོད་དུ་ཨ་ཕའི་རང་གཤིས་དྲག་ཙམ་ཡོད་པའམ་ཡང་ན་ཨ་ཕའི་ཕྱིའི་གཟུགས་བརྙན་ནི་སྟོབས་དང་ལྡན་པ་རི་རྒྱལ་ལྷུན་པོ་ལྟར་ཡོད་རྐྱེན་དེ་ལྟར་མཚོན་པ་མིན་ནམ་སྙམ། འོན་ཀྱང་། ངའི་ཨ་ཕའི་ལུས་སྟོབས་ནི་དེ་ཙམ་མི་ཆེ་བའི་ཁར། སྔར་ནས་ད་བར་ངང་རྒྱུད་རིང་ཞིང་གཤིས་ཀ་འཇམ་ལ། དོ་ནན་པའི་མི་ཞིག་རེད། དེས་ན། ངས་ཆུ་བོས་ཨ་ཕའི་བརྩེ་དུང་མཚོན་པར་འདོད། ཁོང་གི་བརྩེ་བ་ནི་ཆུ་རྒྱུན་དང་འདྲ་བར། འཇམ་ཞིང་ལྷད་མེད་པའི་སྒོ་ནས་ངའི་ལུས་སེམས་སུ་བཞུར་བཞིན་ཡོད།

    ཆུང་དུས་སློབ་གྲྭར་འགྲོ་སྐབས། གཟའ་མཇུག་ལ་ཨ་མས་ང་ལ་ལྟ་བར་ཡོང་དུས་ང་རང་ཧ་ཅང་དགའ་ལ། ཨ་ཕས་ང་ལ་ལྟ་བར་ཡོང་སྐབས་ཅུང་མི་དགའ། ཕྱིས་སུ་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་རིམ་གྱིས་ཨ་ཕ་ལ་རྒྱུས་མངའ་ཟབ་པར་ལོན་ཏེ། ཁོང་ནི་སེམས་བཟང་དང་། གཞུང་དྲང་། བརྩེ་བ་བཅས་ཀྱིས་ཁེངས་པའི་མི་ཞིག་ཡིན་པར་ཤེས། དེ་ནས་བཟུང་ངས་ཨ་ཕའི་ལུས་སྟེང་ནས་གཞན་ལ་མེད་པའི་འོད་མདངས་ཤིག་འཕྲོ་བ་མཐོང་།

    ང་རང་ཧ་གཉིད་སད་པ་ནས་བཟུང་། ཁོང་གིས་ང་ལ་ཕྱག་འཇུག་གནང་རྒྱུ་ཕར་བཞག ཐ་ན་གཤེ་གཤེ་ཚིག་གཅིག་ཀྱང་གཏོང་མ་མྱོང་། ཁོང་གི་སློབ་གསོའི་འདུ་ཤེས་ནི་ཐོག་མཐའ་བར་གསུམ་དུ་ཞི་འཇམ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དེའོ། ཆུང་བྱིས་པའི་དུས་ཀྱི་ཉིན་ཞིག ཨ་མས་ང་ལ་གཤེ་གཤེ་དྲག་པོ་བཏང་བར་བརྟེན། ངས་སེམས་ཀྱི་ཁོང་ཁྲོ་གནོན་མ་ཐུབ་པར་ཨ་མར་ཁ་ལན་བསློགས། ཨ་ཕས་དོན་དེ་ཤེས་རྗེས། ང་ལ་མི་ཡི་མི་ཚེ་ནི་ཧ་ཅང་ཐུང་ཐུང་ཞིག་རེད་ལ། དེ་བས་ཕ་མ་བུ་ཕྲུག་དབར་གྱི་བརྩེ་དུང་ནི་ལྷད་མེད་ཅིག་རང་ཡིན་པས། དོན་དག་ཆུང་ཆུང་ཞིག་གི་སླད་དུ་ཕ་མ་བུ་ཕྲུག་དབར་གྱི་བརྩེ་དུང་ལ་ལྷད་སྐྱོན་ཤོར་ན་ཅིས་ཀྱང་མི་འགྲིག་ཅེས་གསུངས། དེའི་མཚན་མོ་ཁོང་ངའི་ཉལ་ཁང་དུ་འཛུལ་ཕེབས་ནས་ང་ལ་མལ་ཆས་གཡོག་རོགས་གནང་བ་མ་ཟད། སེམས་གསོ་མང་དུ་བཏང་བ་དང་། ཕེབས་ཁར་གཉིད་སྐྱིད་པོ་ཞིག་ཉོལ་ཨང་ཞེས་གསུངས། ད་ལྟ་འདས་དོན་ལ་ཕྱིར་དྲན་བྱེད་དུས་སེམས་ལ་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་སྐྱེས་འོངས། རེད་ཨང་། དོན་དམ་དུ་ཨ་ཕ་ཁོང་ནི་ངའི་སེམས་དབུས་ཀྱི་རྟ་བདུན་དབང་པོ་དང་གཉིས་སུ་མ་མཆིས།

    ངའི་ཨ་ཕའི་རང་གཤིས་ནི་གཉོམ་ཆུང་ཞིག་ཡིན་ཏེ། སྐབས་རེ་ཁོང་གི་བྱ་སྤྱོད་འགའ་ཞིག་ནི་བྱིས་པ་ཞིག་དང་རབ་ཏུ་མཚུངས། ངས་ཨ་མར་ཁ་པར་བཏང་ཡང་ཁོང་དང་འབྲེལ་བ་མ་བྱས་ཚེ། ཁོང་ཐུགས་སེམས་མི་སྤྲོ་བ་བྱེད་པ་དང་། ཡང་སྐབས་རེ་ཁོང་དང་མཉམ་དུ་ཕྱི་ལ་འཆམ་འཆམ་དུ་འགྲོ་དུས། ཁོང་གིས་བུ་མོ་ཆུང་ཆུང་གི་ཚུལ་བསྟན་ནས་ང་ལ་ཀུ་རེ་རྩེ་བར་བྱེད། དངོས་གནས་ཨ་ཕ་དང་ལྷན་དུ་གཤིབ་པའི་ལོ་ཟླ་ནི་ཧ་ཅང་བདེ་སྐྱིད་དང་ལྡན་པ་ཞིག་རེད་ཨང་།

    མི་ལོ་ཉི་ཤུ་ལྷག་ཙམ་གྱི་དུས་ཡུན་ཁྲོད། ང་ལ་མི་མང་པོ་འཕྲད་མྱོང་། ངས་མི་ཚོགས་དེ་དག་གི་ཁྲོད་ནས་ཁྱིམ་ཚང་དང་ཕྲུ་གུར་འགན་སེམས་ཆེ་ཤོས་འཆང་མཁན་ནི་ངའི་ཨ་ཕ་ཁོ་ན་ཡིན་པར་རྟོགས། ཁོང་ནི་ཤེས་ཡོན་ཅན་ཞིག་མ་ཡིན་ལ། མི་སྣ་གྲགས་ཅན་ཞིག་ནི་དེ་བས་མིན། འོན་ཀྱང་། ངའི་སེམས་སུ་ཁོང་གི་ཀུན་སྤྱོད་ཀྱི་བྱང་ཚད་ནི་ཤེས་ཡོན་ཅན་ལས་མཐོ།

    ཨ་ཕ་ཞེས་པ་འདི་ནི་ཅི་འདྲའི་དྲོ་སྐྱིད་ལྡན་པའི་ཐ་སྙད་ཅིག་མ་རེད་དམ། ངས་དུས་ནམ་ཡང་དྲོད་ཀྱིས་ཕྱུག་པའི་ཐ་སྙད་དེ་སེམས་ལ་བཅངས་ནས། འབྱུང་འགྱུར་ཕུགས་འདུན་གྱི་སླད་དུ་བརྩོན་པ་ལྷུར་དུ་ལེན་ཞིང་། ཨ་ཕ་ཁྱོད་དང་འདྲ་བར། ཡོད་ཚད་ལ་བརྩེ་བས་ཁེངས་པའི་མི་ཞིག་བྱེད་པར་འབད་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།